མི་རབས་གསར་པ་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོང་རྒྱུའི་ཤེས་ཡོན་སློབ་ཁྲིད་གནང་གལ་ཆེ། ༧གོང་ས་མཆོག་གིས།

2021-05-12
Share
མི་རབས་གསར་པ་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོང་རྒྱུའི་ཤེས་ཡོན་སློབ་ཁྲིད་གནང་གལ་ཆེ། ༧གོང་ས་མཆོག་གིས། བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག
OHHDL

འཛམ་གླིང་གི་མི་རབས་གསར་པ་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོང་རྒྱུའི་ཐད་ཤེས་ཡོན་གྱི་ལམ་ནས་སློབ་ཁྲིད་གནང་གལ་ཆེ་བ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་(Vaclav Havel European Dialogue)་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཐོག་དྲ་ལམ་བརྒྱུད་ནས་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡོ་རོབ་ནང་ཡོད་པའི་(Vaclav Havel European Dialogue)་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༥་པའི་ཚེས་༡༡་ཉིན་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད། ༧གོང་ས་མཆོག་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་སྤྱི་ཚོགས་བརྒྱུད་ལམ་སྟེང་ཤུགས་རྐྱེན་ཆེ་བའི་ན་གཞོན་(Karel Kovy)་ལགས་ཀྱིས། འཛམ་གླིང་གི་ཆབ་སྲིད་པ་ཚོར་བཟང་ཕྱོགས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཐད་བཀའ་སློབ་ལམ་སྟོན་ཞིག་སྩལ་གནང་ཡོང་བ་ཞུས་སྐབས། ༧གོང་ས་མཆོག་གིས། ཆབ་སྲིད་པ་རྒན་གྲས་ཚོའི་བསམ་བློ་འགྱུར་བ་གཏོང་རྒྱུ་དེ་ཁག་པོ་ཆགས་ཡོད། འོན་ཀྱང་། མི་རབས་གསར་པ་ཚོར་ང་ཚོས་ཤེས་ཡོན་གྱི་ལམ་ནས་ནང་སེམས་ཞི་བདེ་སྐྲུན་ཐབས་ཐད་སློབ་ཁྲིད་ངེས་པར་དུ་གནང་དགོས་ལ། ལྷག་པར་དུ་མི་རབས་གསར་པ་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོང་རྒྱུའི་ཐད་ཤེས་ཡོན་གྱི་ལམ་ནས་སློབ་ཁྲིད་གནང་བ་ཡིན་ན། འབྱུང་འགྱུར་གཞོན་སྐྱེས་དེ་དག་འགོ་ཁྲིད་དང་ཆབ་སྲིད་པ་ཆགས་རྒྱུ་ཡིན་པས། དེ་ནས་ང་ཚོར་བཟང་ཕྱོགས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བཀའ་གནང་ཡོད་པ་རེད།
ད་རེས་གོང་ཞུས་ལྷན་ཚོགས་དེས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་དྲ་ཐོག་ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། ཡོ་རོབ་ནང་གྲགས་ཆེ་བའི་དབུ་ཁྲིད་འདས་པོ་སྐུ་ཞབས་(Vaclav Havel)་ལགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་གཞིར་བཟུང་སྟེ་བཟང་ཕྱོགས་ཀྱི་ཡོ་རོབ་ཞིག་བསྐྲུན་རྒྱུ་དེ་ཡིན་ཞིང་། ན་གཞོན་(Karel Kovy)་ལགས་ཀྱིས། ཡོ་རོབ་མཐུན་ཚོགས་བཙུགས་ནས་ལོ་ངོ་བཅུ་ཕྲག་འགའ་ཞིག་འགྲོ་གི་ཡོད་པ་མ་ཟད། ཉམས་པ་མེད་པར་ད་དུང་མུ་མཐུད་གནས་མུས་ཡིན་པ་དེའི་རྒྱུ་རྐྱེན་དང་གལ་གནད་སྐོར་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས། ༧གོང་ས་མཆོག་གིས། ཡོ་རོབ་མཐུན་ཚོགས་ཀྱི་སྙིང་སྟོབས་ལ་ངོས་ཀྱིས་རྟག་དུ་ཡིད་སྨོན་བྱེད་བཞིན་ཡོད། ཧྥ་རན་སི་དང་ཇར་མན་ནི་ལྟ་བུར་མཚོན་ན། དེ་སྔ་ཕན་ཚུན་འཁྲུག་རྩོད་དུ་མ་ཞིག་བྱུང་ཡང་། ཕྱིས་སུ་ཡོ་རོབ་མཐུན་ཚོགས་གསར་འཛུགས་གནང་བ་ནས་བཟུང་། ཡོ་རོབ་མཐུན་ཚོགས་ནང་ཁུལ་ལ་འཁྲུག་རྩོད་རིགས་མེད་པ་ལྟ་བུ་ཆགས་ཡོད། དེར་བརྟེན་ཨ་ཧྥི་རི་ཀ་དང་། ལཱ་ཊན་ཨ་མི་རི་ཀ་(Latin Amerrica) དེ་བཞིན་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ནང་དུ་ཡང་ཡོ་རོབ་མཐུན་ཚོགས་ནང་བཞིན། ཚོགས་པ་དེ་འདྲ་ངེས་པར་དུ་གསར་འཛུགས་དགོས། དེ་བརྒྱུད་ནས་འཛམ་གླིང་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་ལ། ལྷག་པར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མཐུན་ཚོགས་སོགས་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་ཡོང་བར་རླབས་ཆེན་གྱི་ཞབས་འདེགས་སྒྲུབ་ཐུབ་ཅེས་བཀའ་ལན་གནང་ཡོད་རེད།

ཡང་ད་རེས་ཀྱི་རྒྱལ་སྤྱིའི་དྲ་ཐོག་བགྲོ་གླེང་དེའི་ཐོག་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་(Slovakia)་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྕམ་(Zuzana Caputova)་ལགས། དེ་བཞིན་ཡོ་རོབ་ཀྱི་ཆབ་སྲིད་མི་སྣ་དང་། མཁས་དབང་། མཐོ་སློབ་འདྲ་མིན་གྱི་སློབ་དཔོན་སོགས་གནད་ཡོད་མི་སྣ་༡༥་ལྷག་གདན་ཞུས་ཀྱིས་སྤྱི་ཟླ་༥་པའི་ཚེས་༡༡་ནས་༡༢་བར་ཉིན་གྲངས་གཉིས་ཀྱི་རིང་བགྲོ་གླེང་གནང་ཡོད་པ་རེད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འདས་པོ་སྐུ་ཞབས་(Vaclav Havel)་ལགས་(Czochoslovakia)་མང་གཙོ་རྒྱལ་ཁབ་ཀྱི་སྲིད་འཛིན་སུ་འདེམས་ཐོན་བྱུང་ཏེ། སྤྱི་ལོ་༡༩༩༠་ལོའི་སྤྱི་ཟླ་༢་པའི་ཚེས་༢་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་(Czochoslovakia)་རྒྱལ་ཁབ་ཏུ་གདན་ཞུས་གནང་བ་དེ་ནི། རྒྱལ་ཁབ་དེ་ཉིད་ཨུ་རུ་སུའི་འོག་ནས་རང་བཙན་ཐོབ་སྟེ་ཕྱི་རྒྱལ་དབུ་ཁྲིད་རྒྱལ་ཁབ་དེའི་ནང་གདན་ཞུས་གནང་བ་ཐོག་མ་དེ་ཆགས་ཡོད་པ་དང་། དུས་དེ་ནས་བཟུང་༧གོང་ས་མཆོག་དང་སྐུ་ཞབས་(Vaclav Havel)་ལགས་རྣམ་གཉིས་བར་ཕན་ཚུན་ལྷད་མེད་གྱི་གུས་བརྩི་གཞིར་བཞག་གི་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་བྱུང་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་ར་གྷུ(Prague)་ལ་ཐེངས་༡༠་ལྷག་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
སྐུ་ཞབས་(Vaclav Havel)་ལགས་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པའི་སྐབས་ཀྱི་ཡོ་རོབ་དོན་གཅོད་དང་། ད་ལྟའི་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྐུ་ཞབས་(Vaclav Havel)་ལགས་ནི་འཛམ་གླིང་གི་དབུ་ཁྲིད་མང་པོའི་ནང་ནས་དམིགས་གསལ་གྱི་ཁྱད་ཆོས་ལྡན་པའི་དབུ་ཁྲིད་ཤིག་ཡིན་པ་མ་ཟད། རང་དབང་དང་དམངས་གཙོ་སོགས་ལ་ཡིད་ཆེས་དང་སྙོང་སྟོབས་ཅན་གྱི་མི་སྣ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

གཞན་ཡང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འདས་པོ་སྐུ་ཞབས་(Vaclav Havel)་ལགས་རྣམ་གཉིས་བར་དེ་སྔ་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་མོལ་བྱུང་བ་དང་འབྲེལ་བའི་དཔེ་དེབ་ཤིག་ཀྱང་༢༠༢༡་ལོའི་ལོ་མཇུག་ཏུ་དཔར་བསྐྲུན་གནང་རྒྱུ་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།