༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག

2024.06.10
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་སྐབས་སྐུ་སྲུང་ཟུར་པའི་ཚོགས་གཙོའི་ལས་འགན་གནང་བཞིན་པ་ལྷག་པ་ཚེ་རིང་ལགས། ༠༦།༡༠།༢༠༢༤
OHHDL

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དངོས་སུ་མཇལ་ཁ་ཞུ་བར་ཕེབས་མཁན་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་དད་ལྡན་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། འདི་ཚེས་༡༠ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རིང་མིན་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་མཁན་གྲས་སུ་ཡོད་པ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་དད་ལྡན་སྐུ་སྲུང་ཟུར་པ་ཁྱོན་༢༨༠ལྷག་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་སྩལ་ཡོད་པ་རེད།
ད་ལྟའི་བརྟན་བཞུགས་སྐབས་སྐུ་སྲུང་ཟུར་པའི་ཚོགས་གཙོའི་ལས་འགན་གནང་བཞིན་པ་ལྷག་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་གྱ་སྟོན་སྐབས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད་པ་དང་། འདི་ལོ་སླར་ཡང་ཁོང་ལ་བརྟན་བཞུགས་འབུལ་རྒྱུའི་གོ་སྐབས་དང་མི་རེ་རེ་བཞིན་ལ་ད་རེས་མཇལ་ཁ་ཐོབ་པ་དེ་སྐལ་པ་བཟང་པོ་བྱུང་སོང་ཞེས་གསུངས་བྱུང་།

Kalsang Tashi 2.jpg
ཡང་ཨ་རི་ནིའུ་ཇར་སི་ནས་ཕེབས་པའི་སྐུ་སྲུང་ཟུར་པ་སྐལ་བཟང་བཀྲ་ཤིས་ལགས་ཀྱིས་ཉེ་པའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། ༧གོང་ས་མཆོག་རིང་མིན་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་བསྐྱངས་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོས་པར་སེམས་ཚབས་ཧ་ཅང་ཆེན་པོ་བྱུང་། ཡིན་ན་ཡང་ད་རེས་ཁོང་གི་སྐུ་ཁམས་གསལ་ཐང་ཡིན་པ་སྐུ་དངོས་སུ་མཇལ་བར་སེམས་པར་དགའ་ཚོར་དང་བློ་བདེ་པོ་བྱུང་སོང་ཞེས་གསུངས་ཀྱི་འདུག
སྐུ་སྲུང་ཟུར་པ་སྐལ་བཟང་བཀྲིས་ལགས་ལྟ་བུ་ཆ་མཚོན་ན། ཁོང་ཕྱི་ལོ་༡༩༩༨ནས་ཕྱི་ལོ་ ༢༠༠༧བར་ཁྱོན་ལོ་དགུ་ཙམ་གྱི་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྐུའི་སྲུང་ཕྱྭའི་ཞབས་ཞུ་སྒྲུབ་ཡོད་པ་དང་། འདི་ནི་ཁོང་གི་མི་ཚེའི་ནང་སྐལ་བ་བཟང་ཤོས་ཞིག་དང་གོ་སྐབས་བཟང་ཤོས་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་བྱུང་།
ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་མཁན་ཁོངས་སུ། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་དད་ལྡན་པ་སྐུ་སྲུང་ཟུར་པ་ཁྱོན་༢༨༤ཕེབས་ཡོད་པ་དང་། འདིའི་ནང་ནས་ལོ་ན་ཆུང་ཤོས་༢༨དང་ལོ་ན་རྒན་ཤོས་ལོ་༩༠ཡིན་པ་རེད་འདུག
གཞན་ཡང་དགའ་ལྡན་ཕོ་བྲང་དྲྭ་རྒྱའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཆར་སྤེལ་གསལ་ལྟར་ན། ཕྱི་ཟླ་༦ཚེས་༡༡ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎