༸གོང་ས་མཆོག་གིས། ཧི་མ་ལ་ཡའི་མི་རིགས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་མུས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་བ།

2024.04.22
༸གོང་ས་མཆོག་གིས། ཧི་མ་ལ་ཡའི་མི་རིགས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་མུས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་བ། ༸གོང་ས་མཆོག་གིས་ལྷ་མོའི་རུ་ཁག་ཚོར་མཇལ་ཁ་སྩལ་བའི་སྐབས། ༢༠༢༤།༠༤།༢༢ ཉིན།
དགའ་ལྡན་ཕོ་བྲང་།

རིག་གཞུང་ནི་མི་རིགས་ཤིག་གསོན་གནས་ཐུབ་མིན་གྱི་ངོ་བོ་གཙོ་བོ་དེ་ཆགས་ཀྱི་ཡོད་པ་བཞིན། ཟླ་བ་འདིའི་ཚེས་ ༡༠ ནས་ ༢༢ བར་བཞུགས་སྒར་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དེ་ཚོགས་ཡོད་ཅིང་། འདི་ཚེས་ ༢༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པའི་ནང་འཁྲབ་སྟོན་ནང་མཉམ་ཞུགས་གནང་མཁན་གྱི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོའི་རུ་ཁག་བཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་རེད། ཐེངས་འདིའི་མཇལ་ཁའི་སྐབས་༸གོང་ས་མཆོག་གིས། དེ་སྔ་ལྷ་སར་ཞོ་སྟོན་ཟེར་དུས་ངོས་ལ་གུང་སེང་ཡག་ཤོས་དེ་ཆགས་ཀྱི་ཡོད། ཅེས་དང་། ལྷ་མོའི་གཞུང་འཁྲབ་སྟོན་སྐབས་འཁྲབ་སྟོན་པ་ཚོས་གསུང་ཐར་ལེན་པ་དེས་ངོས་ལ་སྐྱིད་སྣང་ཞིག་བསྐྲུན་ཡོང་གི་འདུག་ཅེས་བཀའ་སྩལ་ཡོད་པ་རེད།

ཡང་༸གོང་ས་མཆོག་གིས། གཙོ་ཆེ་ཤོས་གཞིས་ལུས་བོད་མི་རྣམས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་ངང་གནས་ཡོད་ཅིང་། ང་ཚོའི་བདེན་པའི་མཐའ་ཏན་ཏན་སེལ་གྱི་རེད། ཅེས་དང་། གཙོ་བོ་ཧི་མ་ལ་ཡའི་མི་རིགས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་གིས། བོད་ཀྱི་ཟློས་གར་ལ་དོ་དབྱིངས་ལྡན་པའི་ངང་འཁྲབ་སྟོན་གནང་མུས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་སོང་།

དེ་རིང་ལྷ་མོའི་རུ་ཁག་རེ་རེའི་སྐུ་ཚབ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསུང་ཐར་རེ་སྤྱན་འབུལ་ཞུས་པར། མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་༸གོང་ས་མཆོག་ལ་གསུང་ཐར་སྤྱན་འབུལ་ཞུས་མཁན་ཁག་གཅིག་ལ་སྐལ་བཟང་གི་གོ་སྐབས་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་རྣམ་པས་དགའ་ཚོར་ཆེན་པོའི་ངང་གོ་སྐབས་འདི་འདྲ་སོ་སོའི་མི་ཚེའི་ནང་ཡང་ཡང་ཐོབ་རྒྱུ་ཁག་པོ་རེད་ཅེས་གསུངས་བྱུང་།

TCV-Tibetan-Opera-RFA-Tibetan.jpg

ཀོ་ལེ་གྷལ་ལྷ་མོའི་རུ་ཁག་ནས་ཡིན་པ་ལྷག་པ་དོན་གྲུབ་ལགས་ཀྱིས། ད་རེས་༸གོང་ས་མཆོག་ལ་གསུང་ཐར་སྤྱན་འབུལ་ཞུས་པ་དེ་གདངས་ཀྱི་ཆ་ནས་སོ་སོ་འདོད་བློ་ཁེངས་པ་ཞིག་མ་བྱུང་ཡང་། གསུང་ཐར་གསར་པ་ཞིག་སྤྱན་འབུལ་ཞུ་རྒྱུ་བྱང་བས་དགའ་ཚོར་དཔག་མེད་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་

ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ ནང་བོད་རིགས་གཞོན་སྐྱེས་མང་པོས་མཉམ་ཞུགས་གནང་བར་མི་མང་གིས་དགའ་མོས་ཆེན་པོ་གནང་གི་ཡོད་འདུག་ཅིང་། ཅོན་ཏ་ར་བོད་ཁྱིམ་ལྷ་མོའི་རུ་ཁག་ནས་ཡིན་པའི་སློབ་མ་བསྟན་འཛིན་བསྟན་དར་ལགས་ཀྱིས། སློབ་གྲྭའི་ནང་སློབ་སྦྱོང་བྱེད་ཞོར་ལྷ་མོའི་འཁྲབ་གཞུང་ལ་སློབ་གཉེར་གནང་རྒྱུ་དང་འཁྲབ་སྟོན་སྦྱོང་བརྡར་སྐབས་སློབ་སྦྱོང་ལ་འཐུས་ཤོར་ཏོག་ཙམ་འགྲོ་ཡི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

Nepal-Tibetan-Opera-OHHDL.jpg

བལ་ཡུལ་ལྷ་མོའི་རུ་ཁག་ནས་ཡིན་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་ན། གཙོ་བོ་སློབ་ཕྲུག་ཚོས་བདུན་ཕྲག་རེའི་ནང་གུང་སེང་གཅིག་ལས་མེད་ཀྱང་། དེ་བློས་གཏོང་གིས་སྦྱོང་བརྡར་རྒྱུན་ཆད་མེད་པར་གནང་བས། ད་རེས་འདིར་མཉམ་ཞུགས་གནང་ཐུབ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཨོ་རི་ས་ལྷ་མོའི་རུ་ཁག་ནས་ཡིན་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར། སྤྱིར་བཏང་ནས་ལྷ་མོའི་འཁྲབ་གཞུང་ལ་མཉམ་ཞུགས་གནང་མཁན་དཀོན་པོ་ཡོད་པས་ཏོག་ཙམ་ཁག་པོ་འདུག འོན་ཀྱང་། རྣམ་ཐར་དེར་རིམ་པས་གོམས་འདྲིས་བྱུང་ན་ཧ་ཅང་དོ་དབྱིངས་ཆེན་པོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ ནང་ཕྱོགས་མཐའ་ཁག་ནས་ལྷ་མོའི་རུ་ཁག་བཅུ་གཉིས་མཉམ་ཞུགས་གནང་ཡོད་པ་དེ་ནི་བོད་ཀྱི་ཞོ་སྟོན་གྱི་ལོ་རྒྱུས་ད་བར་མང་ཤོས་དེ་ཆགས་ཀྱི་འདུག་ལ། བཙན་བྱོལ་ནང་བོད་ཀྱི་ཞོ་སྟོན་རྒྱས་པ་དེ་ཕྱི་ལོ་ ༡༩༩༣ ལོ་ནས་འགོ་འཛུགས་གནང་ཡོད་པ་རེད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎