བཞུགས་སྒར་གཙོས་འཛམ་གླིང་གི་ཡུལ་གྲུ་མང་པོར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

2020-07-06
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་སྐབས། ༢༠༢༠།༧།༦
བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་སྐབས། ༢༠༢༠།༧།༦
RFA/Dhasa

བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་མང་པོར་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་གྱ་ལྔར་ཕེབས་པའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག
འདི་ཟླའི་ཚེས་༦་ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་ལོ་༨༥་ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན། བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་མང་པོར་དྲ་ལམ་སོགས་བརྒྱུད་ནས་རྣམ་པ་འདྲ་མིན་གྱི་ཐོག་སྲུང་བརྩི་གནང་ཡོད་པ་དང་། རྒྱ་ནག་ཝུ་ནས་ཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོའི་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་སོགས་ལས་བྱེད་པ་དང་སྐུ་མགྲོན་ཉུང་བསྡུས་འདུ་འཛོམས་ཐོག་ བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོས་འཚམས་འདྲིའི་ཤིས་ཚིག་ཕུལ་བ། ཕྱི་རྒྱལ་གྱི་དབུ་ཁྲིད་དང་༧གོང་ས་མཆོག་གི་ཐུགས་འདྲིས་གྲོགས་ཕོ་མོ་ཚོས་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་བཅས་དྲ་ལམ་ནས་ཐད་གཏོང་གནང་ཡོད་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཕགས་མཆོག་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ༧སྐུའི་འཁྲུངས་སྐར་ཉིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བས་བློ་ཟིན་པའི་ཐོག་ནས་ཉུང་མཐར་མ་ཎི་ཆིག་སྟོང་རེ་གསོང་སྒྲུབ་ཐོག། ༧གོང་ས་མཆོག་གི་སྐུ་ཚེ་དགུང་གྲངས་ ༡༡༠ བར་བརྟན་པར་བཞུགས་པར་བསྔོ་བ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད་པ་རེད།
༧སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ༧གོང་ས་མཆོག་གི་སྐུའི་གསང་གསུམ་གྱི་མཛད་པ་འཕྲིན་ལས་ལ་ཆེ་བརྗོད་དང་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། རིང་མིན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་སླེབས་སྐབས། བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་དང་། ༧རྒྱལ་བའི་ཐུགས་དགོངས་འཁྲུག་གཞི། གཞིས་ལུས་བོད་མིའི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི་བཅས་བརྩམ་མི་རུང་བ་སོགས་ཀྱི་ཞེན་སྐུལ་གནང་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། བཙན་བྱོལ་ནང་བོད་མི་ཚོ་ཚགས་ཚུད་ཤོས་ཆགས་པ་དེ་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་པ་དང་། བོད་ཀྱི་རྩ་དོན་ཆེད་སྤྱི་ལོ་༡༩༥༤་རྒྱ་ནག་ཏུ་ཕེབས་ཏེ་བོད་མི་ས་ཡ་དྲུག་དང་བོད་རྒྱལ་ཁབ་ཀྱི་ཆེད་དགོངས་པ་མཐིལ་ཕྱིན་བཞེས་ནས། ཞི་བའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་དང་ལྷིང་འཇགས་པོ་ཡོང་བར་འབད་བརྩོན་ཞུས་ཡོད་ཅིང་། དེ་བཞིན་བོད་མིའི་ཐུན་མིན་ངོ་བོ་དང་རིག་གཞུང་གོང་སྤེལ་ཆེད་ཧ་ལས་པའི་སྐུ་ལས་བསྐྱོན་ཡོད་པ་སོགས་བཀའ་དྲིན་རྗེས་དྲན་དགོས་པའི་ནན་སྐུལ་གནང་ཡོད་པ་རེད།
ད་དུང་མཛད་སྒོའི་ཐོག་༧གོང་ས་མཆོག་གི་ལུང་ཚིག་༡༡༣་ཡོད་པའི་དེབ་གསར་ཅིག་པར་བསྐྲུན་གྱིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྩེར་སོན་ཁག་ཅིག་ལ་གཟེངས་བསྟོད་བཅས་ཕུལ་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱིས་ད་ལོའི་སྤྱི་ཟླ་༧་པའི་ཚེས་༡་ནས་ལོ་གཅིག་རིང་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་སྲུང་བརྩི་གནང་གི་ཡོད་པ་རེད།
ད་ལོར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་མང་པོ་ཞིག་གིས་གཙོ་བོ་དྲ་ལམ་བརྒྱུད་བྱེད་སྒོ་འདྲ་མིན་སྤེལ་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གྱ་ལྔའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་དང་། དེའི་ཁྲོད་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་ལས་ཟུར་རྣམ་པ་དང་། མཁས་པ། སྒྱུ་རྩལ་བ། ལས་འགུལ་བ་སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་བརྙན་འཕྲིན་དྲ་ལམ་བརྒྱུད་འཚམས་འདྲི་ཞུས་ཡོད་པ་རེད། དེའི་ཁྲོད་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་(Nancy Pelosi)་ལགས་དང་། རྒྱ་གར་དབུས་གཞུང་གི་རྩེད་རིག་དང་ན་གཞོན་བློན་ཆེན་སྐུ་ཞབས་(Kiren Rijiju)་ལགས། ཡང་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Kenneth  Juster)་ལགས། རྒྱ་གར་(BJP)་ཆབ་སྲིད་ཚོགས་པའི་དྲུང་ཆེ་སྐུ་ཞབས་(Ram Madhav)་ལགས། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་(George W Bush)་ལགས་སོགས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།