སོག་ཡུལ་གྱི་རྒྱལ་པོའི་སྙིང་སྟོབས་མི་ཉམས་རྒྱུད་འཛིན་བྱེད་དགོས།

2016-11-22
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཀུན་ཁྱབ་འགན་འཁུར་དང་དུས་རབས་༢༡་པའི་ནང་ཆོས་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གནང་སྐབས། ༢༠༡༦།༡༡།༢༢
༧གོང་ས་མཆོག་གིས་ཀུན་ཁྱབ་འགན་འཁུར་དང་དུས་རབས་༢༡་པའི་ནང་ཆོས་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གནང་སྐབས། ༢༠༡༦།༡༡།༢༢
སྐལ་ལྡན་བློ་གྲོས།/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་མི་དམངས་ཀྱིས་སོག་ཡུལ་གྱི་རྒྱལ་པོ་ཇེན་གྷིསི་ཁཱན་གྱི་སྙིང་སྟོབས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་བཀའ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༢༢་ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བ་ཏུར་ནང་ཡོད་པའི་སོག་ཡུལ་རིག་གཞུང་ལྟེ་གནས་ཁང་དུ་ཀུན་ཁྱབ་འགན་འཁུར་དང་དུས་རབས་༢༡ པའི་ནང་ཆོས་ཅེས་པའི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཅིང་། འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གྲངས་བཞིའི་རིང་གི་སོག་ཡུལ་གྱི་མང་ཚོགས་ཀྱི་མཛད་འཆར་མཐའ་མ་དེ་ཡིན་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་རྒྱལ་པོ་ཇེན་གྷིསི་ཁཱན་གྱིས་རྟ་དང་རལ་གྲིས་སོག་ཡུལ་གྱི་ངོ་བོ་འབུར་ཐོན་བཟོས་པའི་སྙིང་སྟོབས་དེ་གཞི་ལ་བཞག་སྟེ། དེང་དུས་སོག་ཡུལ་མི་དམངས་ཀྱིས་ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་ཇེན་གྷིསི་ཁཱན་གྱི་སྙིང་སྟོབས་དེ་མི་ཉམས་པར་རྒྱུན་འཛིན་བྱེད་དགོས་ཀྱི་རེད་ཅེས་དང་། དེ་ཡང་གཞོན་ནུ་ཚོས་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་བྱེད་པ་དེའི་སྟེངནང་ཆོས་ལ་སློབ་སྦྱོང་བྱེད་པ་ཡིན་ན་སོག་པོ་ངོ་མ་ཞིག་ཆགས་ཐུབ་རྒྱུ་དང་། ཕྱིའི་དངོས་པོའི་ཤེས་བྱ་ཡོན་ཏན་གཅིག་པུས་སོག་པོ་ངོ་མ་ཞིག་ཆགས་ཐུབ་ཀྱི་མ་རེད་ལ། དེ་བཞིན་ཆོས་ལུགས་ཀྱི་དད་པ་རྐྱང་རྐྱང་གིས་སོག་ཡུལ་དེང་དུས་ཅན་ཞིག་ཏུ་འགྱུར་ཐུབ་ཀྱི་མ་རེད་ཅེས་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་འབྱུང་རྒྱུར་གོ་ལའི་དངོས་ཡོད་གནས་སྟངས་གཞི་བཞག་སྟེ་འགྱུར་བ་ངེས་པར་འགྲོ་དགོས་པ་ཡིན་པ་བཀའ་གནང་ཞིང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་པ་འདི་ནི་དྲག་ལས་ཧ་ཅང་ཆེ་བའི་དུས་རབས་ཞིག་ཆགས་ཏེ་དུས་རབས་ཉི་ཤུ་རྩ་གཅིག་པའི་འགོ་སྟོད་འཛམ་གླིང་ནང་དྲག་སྤྱོད་ཀྱི་དཀའ་ངལ་འཕྲད་བཞིན་པ་ཁག་ཀྱང་དུས་རབས་ཉི་ཤུ་ཐམ་པའི་ནང་འཕྲད་པའི་དཀའ་རྙོག་ཁག་ལ་གདོང་ལེན་ཚུལ་བཞིན་བྱས་མ་ཐུབ་པའི་འབྲས་བུ་ཞིག་ཡིན་པ་བཀའ་གནང་པ་དང་། ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་གི་འཛམ་གླིང་གི་གནས་སྟངས་ནི་གོ་ལའི་ཁོར་ཡུག་དང་དཔལ་འབྱོར། ཆབ་སྲིད་སོགས་ཕྱོགས་གང་ས་ནས་ཕན་ཚུན་ལྟོས་གྲུབ་ཧ་ཅང་ཆེ་བའི་གནས་བབས་འདིའི་འོག་རང་དང་གཞན་གྱི་དབྱེ་བའི་ས་མཚམས་ཧ་ལམ་མེད་པ་ལྟ་བུ་གྱུར་ཡོད་པར་བརྟེན། གཞན་གྱི་བདེ་དོན་འགྲུབ་རྒྱུ་ནི་དོན་དུ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་ཆགས་ཆེན་པོ་ཆགས་ཡོད་སྟབས། གཞན་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་དང་། དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཀྱི་ཐོག་ནས་བྱམས་པ་དང་བརྩེ་བའི་བསམ་པའི་ཐོག་ནས་ཀུན་ཁྱབ་འགན་འཁུར་གྱི་བསམ་བློའི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ངེས་པར་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཐེངས་འདིའི་ཆིབས་བསྒྱུར་ཐད་སོག་པོའི་སྲིད་འཛིན་གྱིས་དམིགས་བསལ་ཐུགས་འཁུར་གནང་པར་ཐུགས་རྗེ་ཆེ་ཞུས་གནང་པ་དང་སྦྲགས། ཁོང་ནི་བཟང་ངན་གྱི་ལྟ་གྲུབ་རྩ་འཛིན་གནང་མཁན་ཞིག་ཡིན་པའི་བསྔགས་བརྗོད་གནང་ཡོད་པ་རེད།
མང་ཚོགས་ཀྱི་བཀའ་སློབ་སྐབས་སྐྱ་སེར་མི་དམངས་ཁྲོད་མིག་ཆུ་གཏོང་མཁན་ཡང་མང་པོ་འདུག་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ལས་པའི་ཆེན་པོ་ཞུ་བཞིན་འདུག་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རེ་ཞིག་སོག་ཡུལ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་པ་ཡིན་ཅེས་དང་། མ་འོངས་པར་སླར་ཡང་ཆིབས་བསྒྱུར་སྐྱོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་སྐབས་མང་ཚོགས་ནས་དགའ་བསུའི་ཐལ་མོ་ཤུགས་ཆེ་བརྡབ་ཡོད་པ་རེད།
ཕྱི་ཚེས་༢༣་ཉིན་༧གོང་ས་མཆོག་སོག་ཡུལ་ནས་ཉི་ཧོང་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།