ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་དང་དྲ་ལམ་བརྒྱུད་མཇལ་མོལ་ཞུས།

2021-01-13
Share
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་དང་དྲ་ལམ་བརྒྱུད་མཇལ་མོལ་ཞུས། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་དང་དྲ་ལམ་བརྒྱུད་མཇལ་མོལ་ཞུས། ༠༡།༡༣།༢༡
OHHDL

བོད་མིའི་ངོ་བོ་དང་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབས་ཆེད་ཨ་མི་རི་ཀ་གཞུང་གིས་རོགས་སྐྱོར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་གསུང་འདུག
འདི་ཚེས་༡༣ཉིན། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་(Robert A. Destro)ལགས་གཙོས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཁོང་གི་ཕྱག་རོགས་རྣམ་པས་དྲ་ལམ་བརྒྱུད་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དང་མཇལ་མོལ་ཞུས་ཡོད་པ་དང་། འདི་ནི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་སྐུ་ཞབས་རོ་སྦེརཊ་ཌེསེ་ཏྲོ་ཟླ་བ་གསུམ་གྱི་སྔོན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་བྱུང་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་བ་ཐོག་མ་དེ་ཡིན་པ་རེད།
གནས་ཚུལ་རྒྱུས་ལོན་བྱུང་བར་ལྟར་ན། དྲ་ལམ་བརྒྱུད་པའི་མཇལ་འཕྲད་དེའི་སྐབས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དང་ལྷན་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་དང་ལས་བྱེད་པ་གཞན་ཁག་གཅིག་ཀྱང་ཡོད་འདུག་ཅིང་། བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་སྐུ་ཞབས་ཌེསི་ཏྲོ་ལགས་ཀྱིས་ཁོང་དང་ཨ་རིའི་གཞུང་གི་ངོས་ནས་བོད་རྒྱ་ཞི་མོལ་འབྱུང་ཐབས་དང་། དེ་བཞིན་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཞུས་ཡོད་འདུག དེ་བཞིན་ཁོང་གི་ཊུ་ཏྲར་(twitter)དྲ་བར། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་མོལ་བྱུང་བར་དགའ་སྤོབས་བྱུང་། ངས་ནི་ཡུན་རིང་ཁོང་གི་ཞི་བདེའི་ལམ་སྟོན་དང་བོད་བརྒྱུད་ནང་ཆོས་ཀྱི་བཀའ་ཆོས་ཁག་ལ་ཡིད་སྨོན་ཤོར་མྱོང་། ང་ཚོས་ནམ་ཡང་ཆོས་དད་རང་དབང་དང་རང་གི་འགོ་ཁྲིད་རང་གིས་འདེམས་རྒྱུའི་རང་དབང་དང་ཐོབ་ཐང་ལ་སྟངས་འཛིན་བྱེད་མཁན་གཞུང་གང་རུང་ཡང་ངོས་ལེན་མི་བྱེད། ཅེས་༧གོང་ས་མཆོག་དང་མཉམ་སྒྲོན་པའི་པར་དང་བཅས་སྤེལ་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་བོད་ཀྱི་ནང་ཆོས་རིག་གཞུང་ནི། འཛམ་གླིང་སྤྱིར་ཕན་བདེ་བསྒྲུབ་པའི་ནུས་པ་ཡོད་པའི་རིག་གཞུང་ཞིག་ཡིན་པ་བཀའ་གནང་ཞིང་། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་བབས་ནི་འཛམ་གླིང་ནང་གི་མི་ས་ཡ་མང་པོའི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་བཀའ་གནང་ཡོད་འདུག

Destro.JPG

ཡང་ཕྱི་ཚེས་༡༢ཉིན་སྐུ་ཞབས་ཌེསི་ཏྲོ་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་རྒྱུན་ལས། དེ་བཞིན་བཀའ་བློན་ལྷན་རྒྱས་དང་མཉམ་དྲ་ལམ་བརྒྱུད་བོད་དོན་བཀའ་མོལ་ཞུས་ཡོད་པ་དང་། སྐབས་དེར་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ནང་ཆོས་སྐུ་གདུང་ནང་བཞིན་བཞག་ནས་ནུས་མེད་དུ་བཏང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་གི་ཐུན་མིན་ཁྱད་ཆོས་ཤུལ་མེད་ཀྱིས། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་འཆར་གཞི་བཏིང་ནས་ཉེན་ཁ་བཟོ་བཞིན་པ་དང་། ཁྱེད་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ན་ཁ་ཡོད་ལག་ཡོད་ཀྱིས་ང་ཚོས་རོགས་ཕན་བྱེད་ཐུབ་པ་འདུག་སྙམ། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་ལས་ཀ་མིན་པར། ཁྱེད་རང་ཚོའི་ལས་འགན་རེད་དེ་ང་ཚོས་རོགས་རམ་བྱ་ཐུབ་པ་རེད། དེ་བས་བོད་མིའི་ངོ་བོ་དང་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབས་བཅས་ཀྱི་ཆེད། ཨ་མི་རི་ཀ་གཞུང་གིས་རོགས་རམ་བྱ་རྒྱུར་ཆོད་སེམས་བརྟན་པོ་བཟུང་ཡོད་པ་གསུང་ཡོད་པ་མ་ཟད། ངོས་ནས་ཁྱེད་ཚོར་ཁག་ཐེག་བྱ་ཐུབ་པ་ཞིག་ནི། ཨ་མི་རི་ཀའི་ནང་རྒྱ་ཆེ་ས་དང་ཕྱོགས་ཚང་མ། ཆབ་སྲིད་ཚོགས་པ་དང་ལངས་ཕྱོགས་འདྲ་མིན་འཛིན་མཁན་ཀུན་གྱིས། བོད་མི་མང་གིས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་གཅེས་སྲུང་འབད་བརྩོན་གནང་གི་ཡོད་པར་རྒྱབ་སྐྱོར་གནང་གི་ཡོད་པ་རེད་ཅེས་གསུང་ཡོད། དེ་བཞིན་ཁོང་གི་ཊུ་ཏྲར་(twitter)དྲ་བར། འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་འགོ་ཁྲིད་ཁག་དང་མཇལ་མོལ་བྱུང་བར་དགའ་སྤོབས་བྱུང་ཞེས་བྲིས་འདུག་ལ། དེ་བཞིན་ཁོང་གིས་བོད་མི་ཚོའི་སྔོན་འགྲོའི་འོས་བསྡུ་ལམ་ལྷོང་ལྡན་པའི་ཐོག་ནས་གཉེར་ཐུབ་པར་འཚམས་འདྲི་ཡོད་ཅེས་གསུངས་འདུག
རིང་མིན་ཕྱི་ཟླ་༡ཚེས་༢༠ཉིན་ཨ་རིའི་བདམས་ཐོན་སྲིད་འཛིན་ཇཱོ་སྦཡེ་ཌེན་ལགས་ཀྱིས་སྲིད་འཛིན་གྱི་ལས་འཁུར་ཞུ་རྒྱུ་ཡིན་ཞིང་། དེ་དང་བསྟུན་ཨ་རིའི་གཞུང་གི་དཔོན་རིགས་དང་ལས་བྱེད་མང་དག་ཞིག་འཕོ་འགྱུར་འགྲོ་རྒྱུ་ཡིན་སྟབས། ད་ལྟའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཡང་འཕོ་འགྱུར་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།