ཉོན་མོངས་ཅན་གྱི་བསམ་བློར་ཕུགས་ལ་མདུན་ལམ་མེད། ༧གོང་ས་མཆོག་གིས།
2019.05.31
མི་ལ་བྱམས་བརྩེ་དང་སྙིང་རྗེ་དགོས་གལ་ཆེ་བ་༧གོང་ས་མཆོག་གིས་ཨ་རིའི་ཨེ་མོ་རི་གཙུག་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁའི་སྐབས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་ ༥ ཚེས་༣༡་ཉིན་ཨ་རིའི་ཨེ་མོ་རི་གཙུག་སློབ་གཉེར་ཁང་(Emory University)་གི་སློབ་ཕྲུག་༢༨ ལ་མཇལ་མོལ་དང་སྦྲགས། དུས་རྟག་ཏུ་བྱམས་བརྩེ་དང་སྙིང་རྗེའི་བསམ་བློ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་གནང་མཛད་ཅིང་། ༧གོང་ས་མཆོག་གིས། ཉོན་མོངས་ཅན་གྱི་བསམ་བློ་རྣམས་མ་རིག་པ་དང་འབྲེལ་བ་ཡོད་སྟབས། དེར་ཡང་དག་པའི་གཞི་འཛིན་ས་མེད་པ་དང་། ཡང་དེ་ལས་ལྡོག་སྟེ་བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་གྱི་བློ་སོགས་ལ་ཉོན་མོངས་པའི་བློ་བཟློག་ཐུབ་པའི་ནུས་པ་ཡོད་པར་མ་ཟད། ཡང་དག་པའི་གཞི་འཛིན་ས་ཡོད་པའི་བློ་ཡང་དག་ཡིན་པ་བཀའ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདོད་ཆགས། ཞེ་སྡང་། གཏི་མུག་ལ་སོགས་པའི་གཞནདབང་དུ་གྱུར་བའི་བློ་དེ་དག་ཤུགས་ཆེན་པོ་ཡིན་ཡང་། བློ་དེ་དག་ནི་རྣམ་རྟོག་ཅན་ཡིན་སྟབས་ཕུགས་བརྟན་འཕེར་བ་ཞིག་མིན་པ་བཀའ་གནང་ཞིང་། འོན་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་འབྲེལ་བའི་བསམ་བློ་སོགས་ལ་གཞི་རྒྱ་ཆེ་བའི་ལྟ་ཚུལ་སྣ་ཚོགས་ཡོད་པ་དང་། ཡང་དག་པའི་གནས་ལུགས་དང་རྒྱུ་མཚན་སོགས་ཡོད་པར་བརྟེན། བློ་དེ་དག་ལ་ཉམས་ལེན་བྱས་ཚེ་ཕན་ཐོགས་དང་རེ་བ་ཆེན་པོ་ཡོད་པ་བཀའ་གནང་འདུག
གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་འདིའི་ནང་ད་ལྟའི་དུས་ཚིགས་འདིར་ཁོང་ཁྲོ་དང་ཕྲག་དོག དེ་བཞིན་འཇིགས་སྣང་སོགས་ཀྱིས་མིའི་བསམ་བློ་དབང་བསྒྱུར་བྱེད་བཞིན་པ་ལྟ་བུ་ཡོད་ཀྱང་། ང་ཚོའི་རྣམ་དཔྱོད་དམ་རིག་རྩལ་བརྒྱུད་མ་རིག་པའི་བསམ་བློ་དེ་རྣམས་ཉུང་དུ་གཏོང་ཐུབ་ལ། ལྷག་པར་དུ་ང་ཚོར་རེ་བ་ཞིག་ཡོད་པ་ནི་བཟང་པོའི་ཁྱད་ཆོས་ལྡན་པའི་རིན་ཐང་ཅན་གྱི་སེམས་མྱོང་དེ་དག་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དང་ཚན་རིག་མཉམ་དུ་གོང་འཕེལ་གཏོང་ཐུབ་རྒྱུ་ཡིན་པ་བཀའ་སྩལ་ཡོད་པ་རེད།
མཇལ་ཁར་བཅར་མཁན་གྲས་ཨ་རིའི་ཨེ་མོ་རི་གཙུག་སློབ་གཉེར་ཁང་གི་སློབ་མ་ཨན་ཀི་ཏ་མོསྀ་(Ankita Moss)་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུ་མཚན་ཡང་དག་བཀོད་དེ་བྱམས་བརྩེ་དང་སྙིང་རྗེའི་སྐོར་སློབ་སྦྱོང་བྱ་རྒྱུ་གསུངས་པ་དེ་ནི་ཁོང་ལ་བློ་སྐྱེད་གསར་པ་ཞིག་བྱུང་ཞེས་དང་། གང་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་བརྒྱུད་ནས་རིག་གཞུང་དང་ལྟ་ཚུལ་མི་འདྲ་བའི་ཐད་གོ་རྟོགས་གསར་པ་མང་པོ་ཞིག་ཐོབ་པར་མ་ཟད། གཙོ་བོ་ཨན་ཀི་ཏ་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ཐད་ཡར་རྒྱས་ཆེན་པོ་ཕྱིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།