ཨ་རུ་ན་ཅལ་ཁུལ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་མཆོག་གི་བྲོས་བྱོལ་ཕེབས་ལམ་དེ་ཉིད་ཉར་ཚགས་ཆེད་ལས་གཞི་མགོ་འཛུགས་གནང་འདུག

2024.02.28
ཨ་རུ་ན་ཅལ་ཁུལ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་མཆོག་གི་བྲོས་བྱོལ་ཕེབས་ལམ་དེ་ཉིད་ཉར་ཚགས་ཆེད་ལས་གཞི་མགོ་འཛུགས་གནང་འདུག རླུང་ལ་ཁུལ་དུ་གསར་རྒྱག་ཟིན་པའི་མཐར་འདོད་ནོར་བུ་གླིང་ཕོ་བྲང་།
བསྟན་འཛིན་འབྱོར་ལྡན།

བོད་དང་ས་འབྲེལ་ཆགས་པའི་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་ལགས་ཀྱིས་ལམ་སྟོན་གནང་བ་ལྟར། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་སྐབས། མངའ་སྡེ་དེ་ཉིད་ཀྱི་སྐས་འཛེགས་མ་ཎི་ས་ཁུལ་ནས་མོན་རྟ་དབང་བར་གྱི་ཕེབས་ལམ་དེ་བཞིན་ཧ་ཅང་གི་རིན་ཐང་ཆེ་བའི་ས་ཚིགས་ཤིག་ལ་ངོས་འཛིན་གྱིས། ལོ་རྒྱུས་རང་བཞིན་ལྡན་པའི་ཕེབས་ལམ་ཞེས་ཉར་ཚགས་བྱས་ནས། ད་ཆ་མུ་མཐུད་ཡར་རྒྱས་གཏོང་མུས་ཡིན་འདུག་ཅིང་། མོན་ཡུལ་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས། ཕེབས་ལམ་དེ་ལ་སྤྱི་ལེ་༩༥ ཡོད་པ་དང་། སྐས་འཛེགས་མ་ཎི་ཁུལ་དུ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱག་མཁར་གསོལ་སྩལ་མཛད་པ་དེ་ད་ཆ་ལྗོན་ཤིང་ཞིག་ཏུ་སྐྱེས་ཚར་བྱུང་ནས་མི་མང་ཚོས་དད་པ་ཆེན་པོའི་སྒོ་ནས་གནས་མཇལ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ད་ལྟའི་ཆར་ལས་གཞི་དེ་ཡང་དད་ལྡན་བ་ཚོས་གནས་མཇལ་དང་ཡུལ་སྐོར་བའི་ས་ཚིགས་ཤིག་ཏུ་གྱུར་བའི་རེ་བ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་བོད་མཚོ་སྣ་ནས་རྒྱ་གར་གྱི་ས་ཐོག་ཏུ་ཐོག་མར་ཞབས་སོར་འཁོད་དེ། ཆུ་དྭངས་མོ་རུ་ཕེབས་འབྱོར་བྱུང་མཚམས་སུ་རྒྱ་གར་གཞུང་གིས་(Assam Rifles)དམག་སྡེ་རུ་ཁག་ཅིག་ཆེད་གཏོང་གིས། མགོན་པོ་གང་ཉིད་མཆོག་ལ་ལོ་རྒྱུས་རང་བཞིན་གྱི་སྣེ་ལེན་ཞུས་ཡོད་པ་རེད།

Tenzin-Jorden-RFA-Tibetan.jpeg
རླུང་ལ་ས་གནས་སུ་༸རྒྱལ་བའི་ཕོ་བྲང་དང་འགྲེམས་སྟོན་ཁང་ཞིག་གསར་བཞེངས་གནང་བར་༸གོང་ས་མཆོག་གིས་ཐུགས་སྨོན་དབུ་འབྱེད་མཛད་པའི་སྐབས། ༢༠༢༢།༠༤།༢༩ ཉིན།

མོན་ཡུལ་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ཚོགས་པས། ༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་ཁུལ་དེར་༸ཞབས་སོར་འཁོད་ཡུལ་ས་གནས་ཁག་ལ་མཆོད་རྟེན་དང་། འགྲེམས་སྟོན་ཁང་། དེ་བཞིན་དགོན་པ་ལ་སོགས་པའི་དྲན་རྟེན་གྱི་ལས་གཞི་མང་དག་ཅིག་གསར་རྒྱག་གནང་དང་གནས་མུས་ཡིན་པའི་ཁྲོད། ཕྱི་ལོ་ ༢༠༢༢ ལོར་མོན་རྟ་དབང་གི་རླུང་ལ་ས་གནས་སུ་༸རྒྱལ་བའི་དྲན་རྟེན་ཆེད་ཕོ་བྲང་ཞིག་གསར་རྒྱག་ལེགས་གྲུབ་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་ནས། ཕོ་བྲང་གི་མཚན་ལ་ཐར་འདོད་ནོར་བུ་གླིང་ཞེས་མཚན་གསོལ་སྩལ་མཛད་འདུག་པ་དང་། དེའི་ཉེ་འཁྲིས་སུ་མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་དང་འབྲེལ་བའི་འགྲེམས་སྟོན་ཁང་ཞིག་གསར་རྒྱག་བྱེད་མུས་ཡིན་པ་དེ་འབྱུང་འགྱུར་ཟླ་བ་དྲུག་ནང་ཚུད་ལེགས་གྲུབ་ཟིན་པའི་རེ་བ་གནང་གི་འདུག་ལ། མོན་ཡུལ་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འབྱོར་ལྡན་ལགས་ནི་ལས་གཞི་དེ་དག་དང་འབྲེལ་བའི་ཐུགས་འགན་བཞེས་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། སྐས་འཛེགས་མ་ཎི་ཁུལ་དུ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་སྲོལ་ཐོག་མ་དེ་ཡང་ཁོང་གིས་མགོ་འཛུགས་གནང་ཡོད་པའི་སྐོར་ངོ་སྤྲོད་གནང་བྱུང་།

ད་ལྟའི་ཆར་རྟ་དབང་གི་མི་འབོར་བརྒྱ་ཆ་ ༧༠ མ་ཟིན་ཙམ་ཞིག་ནང་པ་ཡིན་པ་མ་ཟད། མོན་རྟ་དབང་ནི༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་ཡང་ཡིན་པ་དང་། ཕྱི་ལོ ༡༩༡༤ ལོར་བོད་དང་རྒྱ་གར་ཀྱི་ས་མཚམས་སུ་MacMohanས་ཐིག་ཟེར་བ་གསར་དུ་རྟགས་བརྒྱབས་ནས། སྐབས་དེར་མོན་རྟ་དབང་དེ་བཞིན་རྒྱ་གར་དབྱིན་གཞུང་(British India)ས་ཁོངས་སུ་བཅུགས་ཡོད་པ་ལོ་རྒྱུས་སྟེང་གསལ་ཡོད་ལ། དེ་ནས་ཕྱི་ལོ ༡༩༨༧ ལོར། རྒྱ་གར་གྱིས་ས་ཁུལ་དེར་ཨཱ་རུ་ན་ཅལ་མངའ་སྡེ་ཞེས་ཡོངས་བསྒྲགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།      
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎