༸གོང་ས་མཆོག་གིས་སོག་པོའི་བླ་ཆེན་བསྟན་དར་སྔགས་རམས་པའི་ཡང་སྲིད་ལ་མཇལ་ཁ་སྩལ་བ།

2023.11.22
༸གོང་ས་མཆོག་གིས་སོག་པོའི་བླ་ཆེན་བསྟན་དར་སྔགས་རམས་པའི་ཡང་སྲིད་ལ་མཇལ་ཁ་སྩལ་བ། ༸གོང་ས་མཆོག་གིས་སོག་པོའི་བསྟན་དར་སྔགས་རམས་པའི་ཡང་སྲིད་བསྟན་འཛིན་འཕྲིན་ལས་རིན་པོ་ཆེར་མཁལ་ཁ་སྩལ་བའི་སྐབས། ༢༠༢༣།༡༡།༢༢ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སོག་པའི་བླ་ཆེན་བསྟན་དར་སྔགས་རམས་པའི་ཡང་སྲིད་ལ་མཇལ་ཁ་དང་མཚན་ལ་བསྟན་འཛིན་འཕྲིན་ལས་རིན་པོ་ཆེ་ཞེས་གསོལ་སྩལ་མཛད་འདུག་ཅིང་། མཇལ་ཁ་གྲུབ་མཚམས་སུ་རིན་པོ་ཆེ་མཆོག་ལ་གསར་འགོད་པས་བཀའ་འདྲི་ཞུས་པར། དེ་རིང་༸གོང་ས་མཆོག་མཇལ་རྒྱུ་བྱུང་བ་དེ་ནི་ངའི་མི་ཚེའི་ནང་ཧ་ཅང་བསོད་ནམས་ཆེན་པོར་ངོས་འཛིན་ཞུ་གི་ཡོད་ལ། ༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དེས་ངའི་མི་ཚེའི་ནང་ཚོར་བ་གཞན་དང་མ་འདྲ་བ་ཞིག་སྦྱིན་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།

CrSSca9U.jpeg

བོད་སོག་གཉིས་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པའི་ཁར། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་དེ་སྔ་སོག་ཡུལ་དུ་ཕེབས་སྐབས། སོག་པོའི་བླ་ཆེན་བསྟན་དར་སྔགས་རམས་པ་མཆོག་དང་མཇལ་འཕྲད་ཀྱིས་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་ཤུགས་ཆེ་བྱུང་ཡོད་ཅིང་། དེ་རིང་རིན་པོ་ཆེ་མཆོག་གི་ཡུམ་ཨེནཀ་ཚེ་ཚེག་ལགས་ཀྱིས་གསར་འགོད་པ་ཚོར་གསུངས་ན། དེ་སྔོན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སོག་པོའི་དགེ་འདུན་པ་ཁག་གཅིག་སོག་ཡུལ་དུ་ཕེབས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་ཡིག་བསྣམས་ཕེབས་ཏེ། ངའི་ཕྲུ་གུ་དེ་ཉིད་སོག་པོའི་བླ་ཆེན་བསྟན་དར་སྔགས་རམས་པ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་འདུག་པ་དེས། ང་ལ་དགའ་ཚོར་དཔག་མེད་བྱུང་སོང་ལ། སྐབས་དེ་དུས་ངའི་ཕྲུ་གུ་དེ་ནི་རིན་པོ་ཆེ་ཞིག་ཡིན་མིན་ཐེ་ཚོམ་བྱུང་ནའང་། དེ་རིང་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་བརྒྱུད་ང་ལ་ཡིད་ཆེས་ཆེན་པོ་ཞིག་བྱུང་། ཞེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་སོག་པོའི་བླ་ཆེན་བསྟན་དར་སྔགས་རམས་པ་མཆོག་ནི། སོག་ཡུལ་དགའ་ལྡན་དགོན་པ་ནས་སློབ་གཉེར་མཛད་དེ། ཁུལ་དེར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རླབས་ཆེན་ཞིག་བསྐྱངས་ཡོད་འདུག་ལ། རིན་པོ་ཆེ་མཆོག་གིས་མུ་མཐུད་གསུངས་ན། དེ་རིང་༸གོང་ས་མཆོག་གིས་ང་ལ་སློབ་གཉེར་ཡག་པོ་བྱེད་དགོས་པའི་ལམ་སྟོན་སྩལ་སོང་བས། ངས་༸གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་རྣམས་སེམས་ལ་བཅངས་ནས་མ་འོངས་པར་སློབ་གཉེར་ཡག་པོ་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

སོག་པོ་དང་བོད་གཉིས་ནི་ཆོས་སྲིད་གཉིས་ཀྱི་ཐོག་ནས་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་དགུང་གྲངས་ ༣༤ ལ་ཕེབས་སྐབས། སོག་པོའི་ཇིང་གིར་གྱི་གདུང་རབས་བཅུ་བདུན་པ་ཨལ་ཐན་ཁཱང་གིས་སོག་ཡུལ་དུ་གདན་འདྲེན་ཞུས་ཏེ། ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་མཚན་གསོལ་ཡོད་པ་རེད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎