༸གོང་ས་མཆོག་གིས་སྲིད་སྐྱོང་ལ་གསར་མཇལ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ།

2021-06-02
Share
༸གོང་ས་མཆོག་གིས་སྲིད་སྐྱོང་ལ་གསར་མཇལ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ལས་ཁུར་དམ་འབུལ་མཛད་སྒོར་༧གོང་ས་མཆོག་གིས་འཚམས་འདྲིའི་བཀའ་སློབ་བསྩལ།
DIIR, CTA

བོད་མིའི་སྒྲིག་འཛུགས་དེ་བཞིན་མང་གཙོའི་ལམ་ལུགས་ནང་བསྐྱོད་བཞིན་པ་མཇུག་སྐྱོང་ཧུར་ཐག་གནང་དགོས་བ་༧གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བཀའ་ཕབ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འདི་ཚེས་༢་ཉིན་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་དམིགས་པའི་ཆོས་འབྲེལ་གྲུབ་རྗེས། བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་སྲིད་སྐྱོང་མཆོག་ལ་གསར་མཇལ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་ཅིང་། འདི་ག་རླུང་འཕྲིན་ཁང་ནས་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་སུ་སྐབས་དེར་བཀའ་སློབ་ཅི་ཕེབས་དང་། སྲིད་སྐྱོང་མཆོག་གིས་ཡར་གསོལ་འདེབས་ཅི་ཞུས་བཀའ་འདྲི་ཞུས་སྐབས། བཀའ་དྲུང་མཆོག་གིས་ངོ་སྤྲོད་གནང་བ་ལྟར་ན། ༧གོང་ས་མཆོག་དང་སྲིད་སྐྱོང་ལྷན་ཚོུད་གཅིག་ལྷག་ཙམ་རིང་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་གསར་པར་འཚམས་འདྲི་དང་སྦྲགས། བོད་མིའི་སྒྲིག་འཛུགས་འདི་ཆུང་ཆུང་ཞིག་ལས་མེད་ཀྱང་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་གནང་ནས་མང་གཙོའི་ལམ་ལུགས་ནང་བསྐྱོད་བཞིན་པ་འདི་མཇུག་སྐྱོང་ཧུར་བསྐྱེད་གནང་དགོས་སྐོར་བཀའ་ཕེབས་ཡོད་པ་རེད་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་ལ། ༧གོང་ས་མཆོག་ནས་དམ་འབུལ་མཛད་སྒོར་དྲ་ལམ་བརྒྱུད་བཀའ་སློབ་བསྩལ་བར་བཀྲིན་ཆེ་ཞེས་ཞུས་པ་དང་། སྲིད་སྐྱོང་གི་ལས་འགན་བཞེས་མ་ཐག་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་སེལ་སླད་བོད་མི་ཚོར་སྔོན་འགོག་སྨན་ཁབ་རག་ཐབས་དང་། ནད་པར་སྨན་བཅོས་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ། ནད་ཡམས་ཀྱི་རྐྱེན་པས་འཚོ་བའི་དཀའ་ངལ་འཕྲད་པ་ཚོར་ནང་སྲིད་ནས་གཟིགས་རྟོག་གནང་རྒྱུ་སོགས་ཀྱི་སྐོར་དང་། གཞན་ཡང་བོད་རྒྱ་འབྲེལ་མོལ་སྐོར། རྒྱ་གར་དང་རྒྱལ་སྤྱིའི་ནང་འབྲེལ་བ་གནང་ཕྱོགས། གཞོན་སྐྱེས་ཀྱི་ནུས་པ་གོང་འཕེལ་གཏོང་ཕྱོགས། སྤྱི་ཚོགས་འཆམ་མཐུན་ཡོང་བར་དང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པ་མཐུན་ལམ་ཡོང་ཆེད་འབྲེལ་ལམ་འགོ་བཙུགས་ཟིན་པ་སོགས་ཀྱི་སྐོར་སྙན་སེང་ཞུས་ཡོད་པ་བཀའ་དྲུང་མཆོག་གིས་ངོ་སྤྲོད་གནང་བྱུང་།

ད་དུང་སྲིད་སྐྱོང་མཆོག་གིས་ལས་འཆར་ཁག་སྙན་སྒྲོན་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་ལས་འཆར་ཁག་ཡག་པོ་འདུག ཧུར་ཐག་བྱེད་རོགས། ཡག་པོ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བཀའ་གནང་སོང་ཞེས་བཀའ་དྲུང་མཆོག་གིས་གསུངས་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གཞུང་འབྲེལ་འཚམས་འདྲི་ཞུས་གནང་ཡོད་ཅིང་། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་ལགས་དང་། ཐེ་ཝན་ཕྱི་སྲིད་བློན་ཆེན། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ། ལྷོ་ཨ་ཕི་རི་ཀའི་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པ་སོགས་འཛམ་གླིང་གི་དཔོན་རིགས་མང་པོས་འཚམས་འདྲི་དང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འཚམས་འདྲིའི་ཕྱག་བྲིས་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།