༧གོང་ས་མཆོག་གིས་རྒྱ་གར་ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་བཀའ་སློབ་བསྩལ་འདུག
རྒྱ་གར་གྱི་(Chhattisgarh)་མངའ་སྡེའི་(Sirpur)་ས་གནས་སུ། སྤྱི་ཟླ་༩པའི་ཚེས་༨ནས་༩བར་འཚོགས་བཞིན་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། གནས་ཁྱད་པར་ཅན་དེར་ནང་པའི་ལྟ་གྲུབ་སྐོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་འཚོགས་ཀྱི་ཡོད་པར་ཐུགས་དགྱེས་ཚོར་ཆེན་པོས། ཚོགས་བཅར་བ་ཚོར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་གནང་མཛད་པ་དང་། ནང་སེམས་ཀྱི་ཞི་བདེ་སྣང་མེད་དུ་བཏང་སྟེ། ཕྱིའི་གོ་མཚོན་བཀག་བསྡོམ་བྱས་པ་ཙམ་གྱིས་ཞི་བདེ་ཡོང་གི་མེད་ཅེས་བཀའ་བསྩལ་འདུག
རྒྱ་གར་(Chhattisgarh)་མངའ་སྡེའི་ནང་གི་ཞ(Sirpur)་ས་ཁུལ་ནི་ཧིན་རྡུ་དང་། ནང་པ། གཅེར་བུ་པ་བཅས་ཀྱི་གནའ་བོའི་རིག་གཞུང་གིས་ཕྱུག་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་དང་། དམིགས་བསལ་ཁུལ་དེར་དུས་རབས་༥པ་ནས་༡༢བར་བྱུང་བའི་གནའ་རབས་ཀྱི་ནང་པའི་དགོན་པ་དང་། སློབ་གཉེར་ཁང་། དེ་བཞིན་འཕགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཤིག་ཀྱང་ཡོད་པས་། དེ་སྔོན་སྤྱི་ལོ་༢༠༡༤ལོར་༧གོང་ས་མཆོག་(Sirpur)་ས་གནས་སུ་དངོས་སུ་ཆིབས་བསྒྱུར་གྱིས་ཁུལ་དེར་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གནས་གཟིགས་མཛད་ཡོད་པ་རེད།
ད་རེས་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་ལ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གང་ཉིད་མཆོག་དེ་སྔོན་ཁུལ་དེར་ཆིབས་བསྒྱུར་སྐབས། མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་གི་ཉེ་འཁྲིས་སུ་ཆགས་པའི་གཙང་པོའི་མཐའ་རུ་དུང་དཀར་ཞིག་རྙེད་ཡོད་པ་དེ་ནི་འབྱུང་འགྱུར་མགོན་པོ་གང་ཉིད་མཆོག་གིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྣམས་ཆོས་ཀྱི་གདུང་སྒྲ་སྒྲོག་པ་བཞིན་ཡོང་རྒྱུ་ཡིན་པའི་རྟགས་དང་རྟེན་འབྲེལ་བཟང་པོར་ངོས་འཛིན་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ང་རྒྱལ་དང་། ཁོང་ཁྲོ་སོགས་ཉོན་རྨོངས་ཀྱི་བློ་དེ་དག་ཡིན་པ་མ་ཟད། ཉོན་མོངས་དང་ཆགས་སྡང་གི་བློ་དེ་ཡང་ཆོས་དད་ཡོད་མེད་ལ་མ་བལྟོས་པར་འགྲོ་བ་མི་ཚང་མར་ཡོད་པས། དེ་ཇེ་ཉུང་དུ་གཏོང་བར་དཀོན་མཆོག་ལ་གསོལ་འདེབས་ཞུས་པ་ཙམ་གྱིས་འདང་གི་མེད་པར། གཙོ་བོ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་ཏེ། བསམ་བློ་ལ་བསྒྱུར་བཅོས་གཏོང་དགོས་པ་བཀའ་གནང་འདུག
དེ་དང་མཉམ་ཚེས་༨རེས་གཟའ་པ་སངས་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་ཆུང་གི་ལས་ཁུངས་ཀྱི་ཁང་བརྩེགས་གསར་པ་དབུ་འབྱེད་མཛད་སྒོའི་ཐོག་དྲྭ་བརྙན་བརྒྱུད་བཞུགས་སྒར་ཕོ་བྲང་ནས་བཀའ་སློབ་སྩལ་བའི་ནང་། ནང་ཆོས་ནི་རིག་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་ཡོད་པའི་ཆོས་ལུགས་ཤིག་ཡིན་པས། དེང་གི་ཚན་རིག་པ་མང་པོས། དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ད་བར་ཚན་རིག་པ་དུ་མ་ཞིག་དང་ལྷན་དུ་ནང་སེམས་ཞི་བདེ་ཡོང་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པ་བཀའ་གནང་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།