བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་སྩལ་གཏན་འཁེལ་འདུག

2020-06-02
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2020/5/29
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2020/5/29
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔའི་ཉིན་དྲ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་སྩལ་གནང་མཛད་རྒྱུ་ཡིན་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་འདི་ཚེས་༢་ཉིན་གསལ་བསྒྲགས་གནང་བ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་ལྟར་དུས་ཚེས་ཁྱད་པར་ཅན་ས་ག་ཟླ་བའི་ཚེས་༡༥་ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སྩལ་གནང་མཛད་བཞིན་ཡོད་པ་ལྟར། མི་རིང་བའི་སྤྱི་ཟླ་༦་པའི་ཚེས་༥་དང་བོད་ཟླ་༤་ཚེས་༡༥་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔའི་ཉིན། རྒྱ་གར་གྱི་ཞོགས་པའི་ཚོུད་༩་པར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་གནང་གཏན་འཁེལ་ཡོད་པ་དང་། དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བོད་སྐད། དབྱིན་སྐད་དྲ་ཚིགས་དུ་མ་ནས་གསན་བཞེས་གནང་འཐུས་ཞེས་བཀོད་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཛད་རྣམ་ཚན་པའི་འགན་འཛིན་ཡང་སྟེང་རིན་པོ་ཆེ་ཡིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། སེམས་བསྐྱེད་ཆོ་ག་དང་འབྲེལ་ནས་དམ་བཅའ་འཇོག་རྒྱུ་དང་། སྡོམ་པ་ལེན་རྒྱུ་སོགས་ཡིན་ཙང་གང་ཟག་སོ་སོས་སྔོན་འགྲོའི་ཚུལ་དུ་གཙོ་བོ་བྱང་ཆུབ་སེམས་ཀྱི་ཐོག་ལ་དགོངས་པ་བཞེས་དགོས་པ་གསུང་གནང་གི་འདུག
ད་དུང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསལ་བསྒྲགས་ནང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཛ་དྲག་སྐབས་འདིར་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་། ཁྱད་པར་ཆོས་ཞུ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོ་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་དགོས་པ་བཀོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།