ཞི་བདེ་ལྡན་པ་དང་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས། ༧གོང་ས་མཆོག་གིས།

2020-07-08
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཕོ་བྲང་ནས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་བཞིན་པ། ༢༠༢༠།༧།༨
༧གོང་ས་མཆོག་གིས་ཕོ་བྲང་ནས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་བཞིན་པ། ༢༠༢༠།༧།༨
OHHDL

འཚེ་མེད་ཞི་བ་ནི་དྲག་པོ་མེད་པ་བཟོ་རྒྱུའི་ཐབས་ལམ་ཡག་ཤོས་ཡིན་པ་༧གོང་ས་མཆོག་གིས་ལོན་ཊོན་ཉེན་རྟོག་པ་ཚོར་དྲ་ལམ་བརྒྱུད་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་གི་(SHINE)་ཞེས་པའི་བདེ་ཐང་ཚོགས་པ་དང་། དྲན་པ་ཉེར་བཞག་སྦྱོང་བརྡར་ལྟེ་གནས་ཁང་གཉིས་ཀྱིས་མཉམ་དུ་གསོལ་འདེབས་ཞུ་དོན་ལྟར། འདི་ཚེས་༨ ་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད། དབྱིན་ཡུལ་གྱི་རྒྱལ་སའི(London Metropolitan Police Officers)་ལོན་ཊོན་ཉེན་རྟོག་པའི་འགོ་ཁྲིད་བྱེད་ཁག་ཅིག་ལ། དེང་གི་འཛམ་གླིང་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་སྐབས། གཉན་ཕྲང་གི་དུས་སྐབས་འདིར་སྙིང་རྗེ་གོང་འཕེལ་གཏོང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས། ༧གོང་ས་མཆོག་གིས། ཇི་ཙམ་གྱིས་དྲག་པོ་བྱས་པ་དེ་ཙམ་གྱིས་སྡུག་བསྔལ་ཡོང་གི་རེད། དྲག་པོའི་ལན་དུ་དྲག་པོ་བྱས་པ་ཡིན་ན་དྲག་པོ་ལས་ཡོང་རྒྱུ་མེད་པ་རེད། དྲག་པོ་མེད་པ་བཟོ་བའི་ཐབས་ལམ་ཡག་ཤོས་དེ་འཚེ་མེད་ཞི་བ་རེད། དྲག་པོ་བྱས་བསྡད་ན་ཕན་ཐོག་གང་ཡང་མེད་པ་རེད། དེ་འདྲ་སོང་ཙང་མིའི་རྣམ་དཔྱོད་བེད་སྤྱོད་བཏང་བའི་སྒོ་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་དང་། གོ་མཚོན་མེད་པའི་འཛམ་གླིང་ཞིག་བཟོ་དགོས་ཀྱི་རེད་ཅེས་བཀའ་གནང་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཚོགས་ལ་ཤེས་ཡོན་ཀྱི་ལམ་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ཀྱི་རེད། ཡིན་ནའང་དེང་དུས་ཀྱི་ཤེས་ཡོན་ལམ་ལུག་འདི་ཐོག་མར་ནུབ་ཕྱོགས་ནས་འགོ་བཙུགས་པ་རེད། དེ་ནི་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་ལ་དམིགས་ནས་བཟོས་པ་ཞིག་ཆགས་ཡོད། དེ་སོང་ཙང་ཤེས་ཡོན་ནང་ནང་སེམས་ཀྱི་འཛམ་གླིང་དང་། སེམས་ཀྱི་ཞི་བདེ། སེམས་མྱོང་ཀྱི་འཕྲོད་བསྟེན་དེ་གལ་ཆེན་པོ་རེད། སྔོན་རྒྱ་གར་གྱི་ལོ་ངོ་གསུམ་སྟོང་སྔོན་གྱི་ཤེས་ཡོན་ནང་ཡོད་པའི་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེ་དེ་དེང་དུས་ཤེས་ཡོན་ནང་བཅུག་ཐུབ་པ་ཡིན་ན་ཕན་ཡོན་ཆེན་པོ་ཡོད། ངོས་རང་ནས་ཀྱང་ལོ་སྟོང་ཕྲག་འགའ་ཤས་སྔོན་གྱི་རྒྱ་གར་གྱི་རིག་གཞུང་རྙིང་པ་དེ་སླར་གསོ་བྱེད་རྒྱུའི་ཆེད་དུ་ཤུགས་རྒྱག་གི་ཡོད་ཅེས་བཀའ་གནང་སོང་།
ལོན་ཊོན་ཉེན་རྟོག་པའི་དཔོན་པོ་སེ་མོན་རོ་སོ་ལགས་ཀྱིས་སྐབས་དེར། ང་ཚོ་ཉེན་རྟོག་པ་ཆིག་སྟོང་ལྷག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བཀའ་སློབ་ཉན་རྒྱུའི་གོ་སྐབས་ཐོབ་པ་འདི་བསོད་ནམས་ཆེན་པོ་ཞིག་ཡིན་བསམ་གྱི་ཡོད། ང་ཚོའི་མངོན་འདོད་གཙོ་བོ་དེ་གཉན་འཕྲང་གི་དུས་འདིར་སྙིང་རྗེ་གོང་འཕེལ་གཏོང་ཕྱོགས་སྐོར་བཀའ་སློབ་ཞུ་རྒྱུ་དང་། ང་ཚོ་ཚང་མས་ད་ལྟའི་དུས་ཚོད་ལ་གདོང་ལེན་ཆེན་པོ་ཞིག་བྱེད་དགོས་ཀྱི་ཡོད་སྟབས་སྙིང་རྗེ་གོང་འཕེལ་གཏོང་ཕྱོགས་དེ་སྔར་ལས་ལྷག་པ་གལ་ཆེན་པོ་ཆགས་ཡོད་པ་གསུང་གནང་སོང་།
བཀའ་འདྲི་ཞུ་མཁན་བཅུ་བྱུང་བའི་ཁོང་ནས་ཝིག་ཀྲོ་རི་ཡ་ལགས་ཀྱིས། ཉེན་རྟོག་པ་ཚོས་སྤྱི་ཚོགས་ནང་འགྲོ་བ་མིའི་གནས་སྟངས་སྡུག་པའི་ཆ་མང་པོ་ཞིག་མཐོང་གི་ཡོད་སྟབས། ཁོང་ཚོར་རང་ཉིད་ལ་ཡིད་ཆེས་སྐྱེས་རྒྱུའི་མདུན་ལམ་འབྲེལ་ནས་ལམ་སྟོན་གང་གནང་རྒྱུ་ཡོད་ན་ཞེས་བཀའ་འདྲི་ཞུས་པར་གོང་ས་མཆོག་གིས། དང་པོ་དེ་དངོས་ཡོད་གནས་སྟངས་ལ་བལྟ་དགོས། སྤྱི་ཚོགས་དེ་དྲག་པོ་ཡོད་ན་ཉེན་རྟོག་པས་དེ་ལ་གཞིགས་པས་ལག་ལེན་བསྟར་དགོས། དབྱུག་པ་བེད་སྤྱོད་བྱེད་དགོས་བྱུང་ན་བྱེད་དགོས་ཡིན་ནའང་ཕན་སེམས་དང་སྙིང་རྗེའི་ཐོག་ནས་ཀུན་སློང་གཙང་མ་འཁྱེར་བ་ཡིན་ན་སྐྱོན་མེད་ཅེས་བཀའ་གནང་ཡོད།
ཡང་བོད་རིགས་ཉེན་རྟོག་པ་བསྟན་འཛིན་སྨོན་ལམ་ལགས་ཀྱིས། ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་མི་མང་པོས་སོ་སོའི་མི་ཚེའི་ནང་ཐག་གཅོད་སྡུག་ཅག་བྱས་ནས་རང་ཉིད་དང་གྲོགས་ཉེ་ཚོར་ཡང་དཀའ་ངལ་སྤྲད་པའི་གནས་སྟངས་ཡོང་བཞིན་འདུག་ཁོང་ཚོར་རེ་བ་དང་བཟང་ཕྱོགས་ཀྱི་བསམ་བློ་གཏོང་ཕྱོགས་སྐོར་ལམ་སྟོན་ག་རེ་ཡོད་ན་ཞེས་བཀའ་འདྲི་ཞུས་བར། ༧གོང་ས་མཆོག་གིས། འགྲོ་བ་མིའི་ངག་ཐོག་དང་། ཕྱིའི་གཟུགས་ཀྱི་བྱ་སྤྱོད་གང་འདྲ་ཞིག་ཡིན་ཡང་དེ་ནང་སེམས་ཀྱི་བྱ་སྤྱོད་དང་འབྲེལ་བ་ཆགས་ཡོད། དེ་སོང་ཙང་ནང་སེམས་ཀྱི་བྱ་སྤྱོད་དེ་གཞན་ཕན་གྱི་ཀུན་སློང་ཡོད་པ་ཞིག་དང་། མི་གཞན་གྱི་བྱ་སྤྱོད་ངན་པ་དེ་འགོག་ཐབས་ཆེད་དུ་ཕན་སེམས་ཀྱི་ཐོག་ནས་དྲག་རྩུབ་བྱས་བ་ཡིན་ཡང་དེ་འགྲིག་གི་རེད། དེར་སྐྱོན་མེད་པ་རེད་བཀའ་གནང་སོང་།
ད་རེས་༧གོང་ས་མཆོག་གི་བཀའ་སློབ་དེ་དབྱིན་སྐད་གཙོ་བོར་བྱས་པའི་སྐད་ཡིག་མི་འདྲ་བ་བཅུ་གཉིས་ཐོག་དྲ་ལམ་བརྒྱུད་ཐད་གཏོང་གནང་ཡོད་ཅིང་། ཆུ་ཚོད་ཁ་ཤས་ནས་ནང་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་གསན་མཁན་མི་གྲངས་འབུམ་བརྒྱད་ལྷག་བྱུང་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།