བཅོམ་ལྡན་འདས་ཀྱི་གསུང་དག་ལ་བསླབ་པ་སློབ་གཉེར་ཚུལ་བཞིན་བྱེད་གལ་ཆེ། ༧གོང་ས་མཆོག་གིས།


2020.07.24
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༢༠།༧།༢༤ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༢༠།༧།༢༤
OHHDL

བོད་ཟླ་དྲུག་པའི་ཚེས་བཞི་ནི་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་བདེན་བཞིའི་ཆོས་འཁོར་བསྐོར་བ་མཛད་པའི་ནང་པའི་དུས་ཆེན་ཆེ་གྲས་ཤིག་ཡིན་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་རྗེས། དེ་མ་ཐག་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས་ཞེས་པའི་ཤོ་ལོ་ཀ་དེ་གསུངས་པའི་སྐབས་ནས་མ་འོངས་པར་འཁོར་ལོ་གསུམ་གྱི་ངོ་བོའི་ཐོག་ནས་ཆོས་འཁོར་བསྐོར་བའི་ལུང་བསྟན་མཛད་ཡོད་པ་བཀའ་གནང་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་འཕགས་པ་གནས་བརྟན་པའི་སྒྲིག་འཛུགས་ཀྱི་ངོས་ནས་ཇི་ལྟར་ཞུས་དོན་ལྟར། དྲུག་པའི་ཚེས་བཞིའམ་ཆོས་འཁོར་དུས་ཆེན་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་རྗེས་ཆོས་འཁོར་བསྐོར་གནང་ཡོང་བ་གསོལ་འདེབས་ཞུས་ཀྱང་། དེ་གནས་སྐབས་དུས་ལ་མ་བབས་པར་གཟིགས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས། བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། མི་སྨྲ་ནགས་ཀྱི་ཁྲོད་དུ་གནས་པར་བྱ་ཞེས་གསུངས་ཡོད་པ་བཀའ་གནང་ཞིང་། འོན་ཀྱང་སྐབས་དེ་དུས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་འོངས་པར་འཁོར་ལོ་རིམ་པ་གསུམ་གྱི་སྒོ་ནས་ཆོས་འཁོར་བསྐོར་བའི་མཛད་པ་སྐྱོང་རྒྱུ་ཡིན་པ་བསྟན་ཡོད་པ་བཀའ་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དཔེར་ན་བཅོམ་ལྡན་འདས་ཀྱིས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས་ཞེས་གསུངས་པའི་སྐབས་འཁོར་ལོ་གསུམ་གྱི་བརྗོད་གཞི་བསྡུས་པའི་ཚུལ་དུ་གསུངས་ཡོད་པ་མཚོན་ཐུབ་ཅིང་། དེ་ཡང་ཟབ་ཞི་ཞེས་གསུངས་སྐབས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ནང་ཚན་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་ཟད་ཅིང་། སྡུག་བསྔལ་བྲལ་བའི་བྲལ་བ་འགོག་བདེན་ཞི་བ་མྱང་འདས་དེ་བསྟན་པ་དང་། སྤྲོས་བྲལ་ཞེས་གསུངས་སྐབས། བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་བསྟན་བྱ་གཙོ་བོ་སྟོང་པ་ཉིད་ཀྱི་ལྟ་བའི་སྒོ་ནས་ཆོས་འཁོར་བསྐོར་གནང་མཛད་རྒྱུ་ཡིན་པ་དེ་བསྟན་ཞིང་། འོད་གསལ་འདུ་མ་བྱས་ཞེས་གསུངས་སྐབས། འཁོར་ལོ་བར་པའི་སྐབས་ཡུལ་གྱི་འོད་གསལ་གཏན་ལ་ཕབ་ཚུལ་གསུངས་པའི་རྗེས། ཡུལ་ཡངས་པ་ཅན་དང་གཞན་ཡས་གནས་ངེས་མེད་དུ་རྒྱུད་བླ་མའི་བཤད་བྱའི་གཙོ་བོའི་མདོ་དེ་བཞིན་གཤེགས་པ་སྙིང་པོའི་མདོ་ལ་སོགས་པ་འཁོར་ལོ་གསུམ་པའི་སྐབས་དཔེ་དགུ་དང་དོན་དགུ་ལ་སོགས་པའི་སྒོ་ནས་ཡུལ་ཅན་འོད་གསལ་སྐོར་གྱི་ཆོས་འཁོར་བསྐོར་བ་མཛད་པའི་ལུང་བསྟན་གནང་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
གང་ལྟར་བཅོམ་ལྡན་འདས་ཀྱིས་གཙོ་བོ་ཉོན་མོངས་ཟད་རུང་ཡིན་པ་དང་། སྤོང་ཐབས་སྐོར་ཧ་ལས་པའི་ཞིབ་ཚགས་པོའི་སྒོ་ནས་གསུངས་ཡོད་པ་དེ་དག་ལ་ཐོས་བསམ་སྒོམས་གསུམ་གྱི་སྒོ་ནས་ཉམས་ལེན་བྱེད་དགོས་པ་དང་། ལྷག་པར་དུ་བཅོམ་ལྡན་འདས་ཀྱི་གསུང་དེ་དག་ལ་བསླབ་པ་སློབ་གཉེར་ཚུལ་བཞིན་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
རྒྱུན་དུ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་ཀྱི་གསུང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སྤྱི་དང་། ལྷག་པར་དུ་སེམས་དང་སེམས་ཀྱི་བྱེད་ལས་ལ་སོགས་པའི་རྣམ་བཞག་ཧ་ལས་པའི་རྒྱས་པོ་གསུངས་ཡོད་པ་དེ་དག་རྗེས་མཇུག་ནང་པ་ཙམ་མིན་པར་སེམས་ཞི་བདེ་འདོད་མཁན་གྱི་མི་སུ་འདྲ་ཞིག་ཡིན་ཡང་ཉམས་ལེན་བྱེད་འོས་པ་དང་ཐུབ་པ་ཞིག་ཡིན་པ་བཀའ་གནང་བཞིན་ཡོད་པ་རེད།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎