སྤྱི་ནོར་༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པར་འཚམས་འདྲི་མཛད་འདུག

2022.09.06
སྤྱི་ནོར་༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པར་འཚམས་འདྲི་མཛད་འདུག སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྕམ་སྐུ་ལི་ཛི་ཊི་ར་སི་(Liz Truss)་མཆོག་པར་མཉམ་སྦྱར།
སྒྲིག་བཟོ།

དེ་ཡང་དགའ་ལྡན་ཕོ་བྲང་གི་དྲ་ཐོག་སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྕམ་སྐུ་ལི་ཛི་ཊི་ར་སི་(Liz Truss)་མཆོག་དབྱིན་ཇིའི་སྲིད་བློན་དུ་བདམས་ཐོན་བྱུང་བར་བསྩལ་བའི་འཚམས་འདྲིའི་གསུང་འཕྲིན་བཀོད་པའི་ནང་། ལོ་རྒྱུས་ཀྱི་ཐོག་ནས་ང་ཚོ་བོད་དང་དབྱིན་ཇིའི་བར་ཡུན་རིང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་མ་ཟད། དུས་ད་ལྟ་ཡིན་ནའང་ཕྱི་ལོ་༡༩༥༩གོང་གི་དབྱིན་ཡུལ་གཞུང་གི་ལས་བྱེད་བོད་ནང་བཞུགས་མྱོང་བ་རྣམས་ཀྱི་ནང་མི་ སྐུ་འཁོར་རྣམས་དང་ལྷན་བློ་ཐག་ཉེ་པོའི་ཐོག་ནས་མུ་མཐུད་འབྲེལ་ལམ་རྒྱུན་སྐྱོང་མུས་ཡིན། ངོས་ཀྱིས་དབྱིན་ཡུལ་གྱི་གྲོགས་པོ་ཚོས་བོད་མིའི་མངོན་འདོད་རང་དབང་དང་ཆེ་མཐོང་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ངོས་ཀྱིས་དབྱིན་ཡུལ་མུ་མཐུད་འཕེལ་རྒྱས་སུ་འགྲོ་བ་དང་། དབྱིན་ཡུལ་གྱི་ངོས་ནས་སྔར་ལས་ལྷག་པར་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཧྲིལ་པོ་འདི་ཉིད་ཞི་བདེ་བརྟན་བརླིང་ཡོང་སླད་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པའི་རེ་བ་རྒྱག་གི་ཡོད། ཅེས་འཁོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁོང་གི་(twitter)་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་དང་། ༢༠༢༠ལོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་མི་སྣར་ཉེས་ཆད་འགེལ་བའི་ཁྲིམས་གཞི་གཏན་འབེབས་གནང་བ་མཚོན་དབྱིན་ཡུལ་གཞུང་གི་ཕྱག་ལས་གནང་སྟངས་ལ་ཡིད་སྨོན་གནང་ནས། གཞུང་འཛིན་གསར་པའི་ངོས་ནས་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་རྒྱ་ཆེར་གནང་རྒྱུའི་ཐུགས་རེ་ཡོད་པ་བྲིས་འདུག
བྷེ་བྷེ་སི་སོགས་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་༩པའི་ཚེས་༦ཉིན། དབྱིན་ཇིའི་བདམས་ཐོན་སྲིད་བློན་ལྕམ་ལེ་ཛི་ཊི་ར་སི་མཆོག་གིས་དབྱིན་ཇིའི་རྒྱལ་མོར་མཇལ་ཁ་ཞུས་པ་དང་། ཆབས་ཅིག་ཏུ་རྙོག་གྲར་ཐུག་ནས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་པའི་ཇོན་སོན་གྱི་ཚབ་ཏུ་དབྱིན་ཇིའི་སྲིད་བློན་དུ་དངོས་སུ་བདམས་ཡོད་པ་དང་། རྒྱལ་མོ་མཆོག་གིས་སྲིད་བློན་གསར་བར་དབང་བསྐུར་ཡོད་འདུག
ད་ལྟའི་དབྱིན་ཇི་རྒྱལ་ཁབ་དེ་ནང་ན་རྩོད་པ་ཆེ་ཞིང་ཕྱི་རུ་འཁྲུག་པ་ལངས་པའི་དུས་སྐབས་ཤིག་ལ་འཁེལ་ཡོད་ཅིང་། དེའི་ཁར་ཏོག་དབྱིབས་རིམས་ནད་དང་དཔལ་འབྱོར་གྱི་གནས་སྟངས་མི་ཡག་པ། རྒྱལ་སྤྱིའི་སྟེང་ཨུ་རུ་སི་ཡིས་ཡུཀ་རེན་ལ་བཙན་འཛུལ་བྱས་སྟབས་ནུས་ཁུངས་ཀྱི་རིན་ཐང་ཆེ་ཆེར་འཕར་བ་སོགས་ཕྱི་ནང་གི་དཀའ་ངལ་མང་པོ་ཞིག་ལ་ཐུག་ཡོད་པ་དང་། དེ་མིན་ཨ་རི་དང་རྒྱ་ནག་བར་གྱི་འགྲན་རྩོད་ཇེ་ཆེར་སོང་ནས་གྲང་དམག་གསར་བ་ཞིག་གི་འགོ་ཚུགས་པའི་བཟོ་ལྟ་ཆགས་པ་དང་། ད་དུང་དབྱིན་ཇི་དང་རྒྱ་ནག་གཉིས་ཧོང་ཀོང་གི་གནད་དོན་ལས་འགལ་ཟླ་ཇེ་ཆེར་སོང་ཡོད་པ་དང་། ལྕམ་(Liz Truss)་ལགས་ཉེ་ལམ་སྲིད་བློན་གྱི་འོས་མིར་བཞེངས་བའི་གཏམ་བཤད་རིམ་པར། རྒྱ་ནག་གཞུང་གི་ཚོང་དང་འབྲེལ་བའི་འཇིགས་སྐུལ་དང་ཉེན་ཚབས་རང་བཞིན་གྱི་བྱ་སྤྱོད་ཁག་ལ་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་མྱོང་ཡོད་རེད།
ད་ལྟ་དབྱིན་ཇིའི་གསར་ལམ་ཁག་གིས། ལྕམ་ལེ་ཛི་ཊི་ར་སི་ཡིས་སྲིད་བློན་གྱི་གོ་ས་བཟུང་མ་ཐག རྒྱ་ནག་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཆེ་བའི་ཉེན་ཁར་ངོས་འཛིན་བྱེད་རྒྱུ་དང་། དེ་དང་མཉམ་དུ་རྒྱ་ནག་དང་དབྱིན་ཇིའི་འབྲེལ་བ་དེ་དཔལ་འབྱོར་མཐུན་གྲོགས་སུ་དངོས་འཛིན་བྱེད་རྒྱུ་མིན་ཚུལ་བཀོད་འདུག
ལྕམ་ལེ་ཛི་ཊི་ར་སི་ནི་དགུང་ལོ་༤༧ཡིན་ཞིང་། ༢༠༡༠ལོར་དབྱིན་ཇིའི་གྲོས་ཚོགས་འོག་པའི་འཐུས་མིར་བདམས་པ་དང་། དེ་ནས་དབྱིན་ཇིའི་སྲིད་བློན་གསུམ་གྱི་རིང་སློབ་གསོ་ལྷན་ཁང་གི་བློན་ཆེན་དང་ཁྲིམས་འཛིན་ལྷན་ཁང་གི་བློན་ཆེན། ཉོ་འཚོང་ལྷན་ཁང་གི་བློན་ཆེན། ཕྱི་འབྲེལ་ལྷན་ཁང་གི་བློན་ཆེན་བཅས་གོ་གནས་ཁུར་མྱོང་བ་དང་། དེའི་རིང་ཁོང་མོའི་བྱ་སྤྱོད་དང་གྱོན་ཆས་གྱོན་སྟངས་སོགས་ཕྱོགས་གང་གི་ཆ་ནས་བལྟས་ཀྱང་དེ་སྔའི་དབྱིན་ཇིའི་བུད་མེད་ཀྱི་སྲིད་བློན་དང་པོ་མོ་ཁྱོ་ག་རུ་འབོད་པའི་ལྕམ་(Margaret Thatcher)་དང་འདྲ་བོ་ཡོད་པས་མང་པོ་ཞིག་གིས་ཁོང་མོར་མོ་ཁྱོ་ག་གཉིས་པ་ཞེས་འབོད་བཞིན་ཡོད་འདུག

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎