བོད་རིགས་གཞོན་སྐྱེས་ཁག་གཅིག་གིས་མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་གི་སྐུ་ཕུང་རྩིས་སྤྲོད་ཀྱིས་བདེན་པ་ར་སྤྲོད་དགོས་ཞེས། ལྦེཊ་ནམ་གཞུང་ཚབ་ཏུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

ཟླ་ ༤ ཚེས་ ༢ མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་ཝེཊ་ནམ་དུ་རྒྱ་ནག་གི་འཛིན་བཟུང་བྱས་ཏེ་དོགས་གཞིའི་འོག་འདས་གྲོངས་སུ་གྱུར་ཡོད་པ་དང་འབྲེལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་གཞོན་སྐྱེས་ཁག་གཅིག་གིས། ཕྱི་ཚེ་ ༡༤ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཝེཊ་ནམ་གཞུང་ཚབ་ཁང་དུ་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་ཐད་ཞིབ་འཇུག་ཁ་གསལ་དགོས་པའི་དགོས་འདུན་འོག་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་དང་འབྲེལ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་པ་སངས་ལགས་ཀྱིས། ད་ལན་གྱི་ངོ་རྒོལ་གྱི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ནས་ཉེ་ལམ་ཨེ་ཤེ་ཡའི་ལྷོ་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་བྱེད་བཞིན་པ་དང་འབྲེལ། བོད་དོན་ཆེད་ཐུགས་འཁུར་ཧུར་ཐག་བཞེས་མཁན་མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་རྒྱ་ནག་གཞུང་གི་བཙན་གནོན་ལ་མ་བཟོད་པར་ལྦེཊ་ནམ་དུ་བཙན་བྱོལ་ལ་ཕེབས་ཡོད་ཀྱང་། ཝེཊ་ནམ་དམག་མིས་རྒྱ་ནག་གི་གནོན་ཤུགས་འོག་ཁོང་འཛིན་བཟུང་གིས་སྐུ་བཀྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པས། ཐེངས་འདིར་ཁོང་རྣམས་ནས་ཝེཊ་ནམ་གཞུང་ཚབ་ལ་ (release the body ,reveal the truth) ཞེས་མཆོག་སྤྲུལ་མཆོག་གི་སྐུ་ཕུང་རྩིས་སྤྲོད་ཀྱིས་བདེན་པ་ར་སྤྲོད་དགོས་ཞེས་པའི་དགོས་འདུན་འོག་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅེས་དང་། ལས་འགུལ་བ་རྣམས་ནས་ཝེ་ཊི་ནམ་གཞུང་ཚབ་ཁང་དུ་ཝེཊ་ནམ་གཞུང་ནས་གང་མགྱོགས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་འདས་རྐྱེན་ལ་ཞིབ་འཇུག་དགོས་པའི་རེ་སྐུལ་གྱི་ཕྱག་ཡིག་ཅིག་ཀྱང་ཕུལ་ཡོད་པ་་འདི་ག་ཨེ་ཤི་རང་དབང་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་བྱུང།
རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྦེཊ་ནམ་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་གནང་མཁན་གྱི་བོད་རིགས་གཞོན་སྐྱེས་གྲངས་ ༢༠ ལྷག་ཙམ་ཡོད་པ་ལས། ༤ རྒྱ་གར་ཉེན་རྟོག་པས་ལས་འགུལ་སྐབས་འཕྲལ་དུ་འཛིན་བཟུང་བྱས་ཡོད་པ་དང་། བསྟན་འཛིན་པ་སངས་ལགས་ཀྱིས་གསུངས་པ་ལྟར་ན་རྒྱ་གར་ཉེན་རྟོག་པས་ཁོང་རྣམས་ཕྱི་དྲོའི་ཕྱག་ཚོད་ ༥ པའི་ཐོག་གློ
ད་བཀྲོལ་གཏོང་རྒྱུ་ཡིན་པ་གསུངས་ཡོད་འདུག
ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ (Global Alliance for Tibet & Persecuted Minorities) ཞེས་རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་ནས་ཀྱང་འདི་ཚེས་ ༡༣ ཉིན། ལྦེཊ་ནམ་གྱི་སྲིད་བློན་ལ་དེ་འབྲེལ་ཕྱག་ཡིག་ཅིག་ཕུལ་ཡོད་པའི་ནང་། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་ཐད་ཝེཊ་ནམ་གཞུང་ནས་ཐེ་བྱུས་ཡོད་པར་དོགས་གཞི་ཡོད་པས། གལ་ཏེ་དེ་དངོས་བདེན་ཡིན་ཚེ། ཝེ་ཊ་ནམ་གཞུང་གིས་དེ་སྔ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཆིངས་ཡིག་འདྲ་མིན་དང་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་འབྲེལ་བའི་ཆིངས་ཡིག་སོགས་ལ་མིང་རྟགས་བཀོད་ཡོད་པས། དེ་ནི་ཁྲིམས་འགལ་དུ་གྱུར་ཡོད་པས། གནད་དོན་དེ་འབྲེལ་ཕྱི་གསལ་ནང་གསལ་གྱིས་ཞིབ་འཇུག་སྙན་ཐོ་འདོན་སྤེལ་དགོས་པ་བཀོད་ཡོད་པ་རེད།
རྩ་བའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་བའི་གནད་དོན་དང་འབྲེལ། འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས། ས་གནས་ཀྱི་རྒྱ་ནག་དང་ལྦེཊ་ནམ་གཞུང་ཚབ་མདུན་དུ་གཞུང་དེ་གཉིས་ངོས་ནས་ཕྱི་གསལ་ནང་གསལ་དགོས་སྐོར་གྱི་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།