སྒྲོལ་མ་མཚོ་བཙོན་གྲོལ་བྱུང་ཡང་སྐུ་གཟུགས་དེ་ཙམ་བདེ་བོ་མི་འདུག


2016.12.05
ཆབ་སྲིད་བཙོན་མ་སྒྲོལ་མ་མཚོ་བཙོན་གྲོལ་དང་དགའ་བསུ། ༢༠༡༦།༡༢།༤ ཆབ་སྲིད་བཙོན་མ་སྒྲོལ་མ་མཚོ་བཙོན་གྲོལ་དང་དགའ་བསུ། ༢༠༡༦།༡༢།༤
རྨེའུ་དཀོན་རྒྱམ།

ཆབ་སྲིད་བཙོན་མ་སྒྲོལ་མ་མཚོ་མི་ལོ་གསུམ་གྱི་རྗེས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་བར་ས་གནས་བོད་མིས་དགའ་བསུ་བྱས་འདུག
དེ་ཡང་འབྲེལ་ཡོད་བོད་མི་རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་བ་ལྟར་ན། ཕྱི་ལོ་༢༠༡༦་ཟླ་༡༢་ཚེས་༤་ཉིན་གྱི་མཚན་མོར་ཆབ་སྲིད་བཙོན་མ་སྒྲོལ་མ་མཚོ་རྒྱ་ནག་གི་བཙོན་ཁང་ནང་མི་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་གཙང་ནས་ཉེན་རྟོག་པས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་པ་དང་། སྐབས་དེར་ཁོང་མོའི་ནང་མི་གཉེན་ཉེ་དང་ཡུལ་མི་མང་པོས་ཁ་བཏགས་གཡོགས་ནས་དགའ་བསུ་བྱས་འདུག
དེ་ནི་དེ་སྔོན་ཕྱི་ལོ་༢༠༡༣་ཟླ་༡༢་ཚེས་༣་ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་རྐྱེན་གྱིས་བཙན་བཟུང་བྱས་ཏེ་ཟླ་བ་༡༡་རིང་ལ་བཀག་ཉར་ཁང་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་ཞིང་། ཕྱི་ལོ་༢༠༡༤ཟླ་༡༡ཚེས་༣་ཉིན་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ལ་ཁྲིམས་ཐག་བཅད་ནས་སི་ཁྲོན་མེན་ཡཱང་བཙོན་ཁང་ནང་བཅུགས་པ་རེད།
རྨེའུ་དཀོན་རྒྱམ་ལགས་ཀྱིས་བརྗོད་དོན། ད་སྐབས་སྒྲོལ་མ་མཚོའི་སྐུ་གཟུགས་གནས་སྟངས་དེ་མགོ་ཡུ་འཁོར་བ། གཉིད་མི་ཡོང་། གཟུགས་པོ་སྐྱོ་བོ་ཆགས་པ། སྔར་གྱི་གཤིས་ཀ་འགྱུར་བ། སྙིང་ཁམས་མི་བདེ་བ་སོགས་ཀྱི་གནས་བབ་ན་ཡོད་པས། མ་འོངས་པའི་མོ་རང་གི་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ཁྱིམ་བདག་ཚོར་སེམས་འཚབ་ཆེན་པོ་ཡོད་འདུག
དེ་སྔ་ཕྱི་ལོ་༢༠༡༥་ཟླ་༡༢ ནང་ལ་ཁྲིམས་ཁང་རང་ནས་ཡི་གེ་སྔ་ཕྱི་གཉིས་ཁྱིམ་བདག་ཚོར་འབྱོར་ནས་སྒྲོལ་མ་མཚོར་ཛ་དྲག་གི་གཤག་བཅོས་གཏོང་དགོས་སྐོར་བྲིས་ཤིང་ཁྱིམ་བདག་ཚོའི་མིང་རྟགས་འགོད་ཚུལ་བཙན་བཀའ་གཏོང་སྐབས། ཁྱིམ་བདག་ཚོས་ཁྲིམས་ཁང་ལ་ཁ་པར་བཏང་སྟེ་སྒྲོལ་མ་མཚོ་ལ་དངོས་སུ་ཐུག་བཅུག་ན་སྒྲོལ་མ་མཚོའི་གནས་བབ་གང་ཞིག་ཡིན་པ་ཤེས་རྟོགས་ཡོང་བས། དངོས་སུ་ཐུག་འཇུག་པའི་རེ་འདུན་བཏོན་ཀྱང་ཐུག་བཅུག་མེད་འདུག མ་ཟད་སྒྲོལ་མ་མཚོས་ཁྲིམས་ཁང་ནས་ཁྱིམ་བདག་ཚོར་སྐར་མ་ལྔའི་རིང་ཁ་པར་བཏང་སྟེ་བཙོན་སྲུང་བ་ཚོས་ང་ལ་ན་ཚ་ཞིག་ཡོད་པས་བཙན་གྱིས་གཤག་བཅོས་གཏོང་དགོས་པའི་བཙན་སྐུལ་ཡང་ཡང་བྱས་རུང་། ངའི་ངོས་ནས་ཁས་ལེན་རྩ་བ་ནས་བྱས་མེད། ཁྱོད་ཚོས་ཀྱང་ཁས་ལེན་རྩ་བ་ནས་མ་བྱེད་ཅེས་བརྗོད་འདུག
སྒྲོལ་མ་མཚོ་ནི། རྔ་བ་རྫོང་རྨེའུ་རུ་མའི་དགེ་ཚང་གི་ཡིན་ཞིང་། ཕ་དགེ་རིག་དང་མ་དོན་ཁོ་གཉིས་ཡིན་འདུག ཁོང་མོ་ལ་ལོ་༡༤ཅན་གྱི་བུ་མོ་ཚུལ་ཁྲིམས་སྒྲོལ་མ་ཟེར་བ་ཞིག་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎