རྒྱ་ནག་གཞུང་གིས་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་གཏོར་བ་སོགས་ཀྱི་ཐད་བོད་དོན་ཚོགས་པ་གཉིས་ཀྱིས་སྙན་ཐོ་བཏོན་འདུག

2023.01.23
རྒྱ་ནག་གཞུང་གིས་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་གཏོར་བ་སོགས་ཀྱི་ཐད་བོད་དོན་ཚོགས་པ་གཉིས་ཀྱིས་སྙན་ཐོ་བཏོན་འདུག
Photo: RFA

དེ་ཡང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁམས་བྲག་མགོ་རྫོང་དུ་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བ་དང་། ས་གནས་མི་མང་ལ་དྲག་གནོན་བྱས་པའི་སྐོར་ལ་དབྱིན་ཡུལ་དུ་ཡོད་པའི་བོད་གནས་ལྟ་ཞིབ་ཁང་(Tibet Watch)་དང་བོད་རང་དབང་ཚོགས་པ་(Free Tibet)་གཉིས་ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པ་དང་། དེ་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་(Navendu Mishra)་ཡིས་འདི་ཚེས་༢༣་ཉིན་དབུ་འབྱེད་འགྲེམས་སྤེལ་གནང་འདུག
བོད་རང་དབང་ཚོགས་པའི་སྲིད་བྱུས་དང་ཉམས་ཞིབ་འགན་འཛིན་འཇོན་འཇོནསི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། བྲག་མགོའི་སྙན་ཐོ་འདོན་སྤེལ་སྐབས། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་ཀྱི་གནད་དོན་ཐད་ཉམས་ཞིབ་གནང་མཁན་རྣམས་ཀྱིས་སྙན་ཐོ་འདི་ལ་གཟིགས་ཞིབ་བརྒྱུད། བོད་ནང་གི་གནས་སྟངས་ཤེས་རྟོགས་བྱུང་སྟེ། བྲག་མགོ་རྫོང་གི་ནང་དུ་རྒྱ་ནག་གིས་རྡུང་རྡེག་གཏོང་བཞིན་པའི་ཐད་དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་གདོང་ལེན་བྱེད་རྒྱུ་ཇི་ཡོད་ཐད་གནས་ཚུལ་མང་པོ་ངོ་སྤྲོད་ཐུབ་པའི་རེ་བ་ཡོད་པ་གསུང་བྱུང་།
སྙན་ཐོ་དེ་ནི་རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་ཁམས་བྲག་མགོ་རྫོང་ཁོངས་སུ་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་རིག་གཞུང་ཤུལ་བཞག་བཅས་པ་གཏོར་བཤིག་བཏང་བ་དང་། བོད་མི་མང་པོ་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་ཡིན་པ་སོགས་འདས་པའི་ཟླ་བ་༡༨རིང་གི་ས་གནས་ཀྱི་གནས་ཚུལ་ཁག་ལ་ཞིབ་འཇུག་དང་། བར་སྣང་ནས་བླངས་བའི་པར་བཅས་ཕྱོགས་བསྡོམས་བྱས་ནས་བཏོན་པ་ཞིག་ཡིན་འདུག་ལ། སྙན་ཐོ་དེའི་ནང་༢༠༢༡ལོའི་སྤྱི་ཟླ་༡༠ནས་བཟུང་། རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་དང་། མ་ཎི་འཁོར་ལོ་སོགས་བོད་ཀྱི་ཆོས་དང་། རིག་གཞུང་ལ་གཏོར་རྒོལ་བཏང་ནས་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་དང་། གཅར་རྡུང་བཏང་ཡོད་པའི་གནས་ཚུལ་གསལ་བཀོད་གནང་འདུག དེ་བཞིན་བྲག་མགོ་ས་གནས་རྒྱ་ནག་གི་དབང་འཛིན་པ་ཚོ་དང་། ཉེན་རྟོག་པས་བོད་མི་མང་གི་ཆོས་དད་རང་དབང་གི་ཐོང་ཐང་རྡོག་རོལ་བཏང་ཡོད་པར་སྐྱོན་བརྗོད་བྱས་འདུག
ཡང་སྙན་ཐོ་དེའི་སྐོར་ཞིབ་ཕྲའི་གནས་ཚུལ་ཟུར་དུ་བཀོད་སྤེལ་གནང་བ་ལྟར་ན། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༠པའི་ནང་ནས་བཟུང་། བྲག་མགོ་རྫོང་དེ་བཞིན་རྒྱ་ནག་དམར་པོའི་དྲག་པོའི་བཙན་གནོན་འོག་ཚུད་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ཤུལ་བཞག་བཅས་པ་གཏོར་བཤིག་བཏང་བ་དང་། ས་གནས་ཀྱི་བོད་མི་རྣམས་གང་བྱུང་གིས་འཛིན་བཟུང་གིས་བཙོན་འཇུག་དང་སྡུག་སྦྱོར་མནར་གཅོད་གཏོང་བཞིན་པ་དང་། བསམ་བློ་བཅོས་བསྒྱུར་གཏོང་རྒྱུའི་སློབ་གསོ་ཟེར་བ་སྤེལ་མུས་ཡིན་པ་སོགས་བཀོད་འདུག་ལ། ཡང་རྒྱ་ནག་གིས་གཏོར་བཤིག་བཏང་བའི་ཁོངས་སུ་དགོན་པའི་སློབ་གྲྭ་དང་། མ་ཎི་ཆེན་པོ་༤༥ཡོད་པའི་ཁང་ཆེན་ཞིག ས་གནས་བོད་མི་རྣམས་ཀྱིས་རྩ་ཆེར་བརྩི་སའི་བླ་ཆེན་ཞིག་གི་དགོན་པ། བྲག་མགོ་དགོན་པའི་རླུང་རྟ་དར་ལྕོག་ཁག་མར་ཕབ་ནས་མེར་བསྲེགས་བཏང་བ་སོགས་བྲིས་ནས། དེ་ནི་དེ་སྔ་རྒྱ་ནག་གཞུང་གིས་བོད་ནང་རིག་གནས་གསར་བརྗེ་ཆེན་མོ་ཟེར་བའི་ལས་འགུལ་སྤེལ་སྐབས་དང་མཚུངས་པར་དེང་སྐབས་བྲག་མགོ་རྫོང་ནང་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་སྐད་ཡིག་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་གསལ་སྟོན་གནང་འདུག
སྙན་ཐོ་འདི་ནི་དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་གྲོས་ཚོགས་ཀྱི་འཐུས་མི་(Navendu Mishra)་ཡིས་དབུ་འབྱེད་གནང་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎