སྦང་ལ་རྡེཤི་ནང་འོས་བསྡུ་དྲང་ཚུགས་ལྡན་པ་བྱུང་ཡོད་པའི་སྐོར།

ཕྱི་རྒྱལ་འོས་བསྡུ་རྟོགས་ཞིབ་པ་ཚོས་སྦང་ལ་རྡེ་ཤིའི་ནང་འོས་བསྡུའི་ལས་དོན་དེ་དྲང་ཚུགས་ལྡན་པ་ཡག་པོ་ཞིག་བྱུང་ཡོད་སྐོར་གསུངས་ཡོད་པ་རེད།

2008-12-31
Share

༄༅༎ཕྱི་རྒྱལ་འོས་བསྡུ་རྟོགས་ཞིབ་པ་ཚོས་སྦང་ལ་རྡེ་ཤིའི་ནང་འོས་བསྡུའི་ལས་དོན་དེ་དྲང་ཚུགས་ལྡན་པ་ཡག་པོ་ཞིག་བྱུང་ཡོད་སྐོར་གསུངས་ཡོད་པ་རེད། ཕྱི་ཚེས་ཉི་ཤུ་དགུའི་ཉིན་གོ་སྒྲིག་ཞུས་པའི་སྦང་ལ་རྡེ་ཤིའི་རྒྱལ་ཡོངས་འོས་བསྡུ་དེ་སྲིད་བློན་ཟུར་པ་ཤེཀ་ཧ་སི་ནས་དབུ་ཁྲིད་པའི་མནའ་འབྲེལ་སྲིད་དོན་ཚོགས་ཁག་ལ་མང་མོས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་དང་འོས་བསྡུའི་ནང་ཕམ་ཉེས་ཆེན་པོ་བྱུང་བའི་སྲིད་བློན་ཟུར་པ་སྦེ་གམ་ཁ་ལི་རྡ་ཛི་ཡ་ཡིས་འོས་བསྡུའི་ལས་དོན་དྲང་བདེན་ཞིག་བྱུང་མེད་པའི་སྐྱོན་བཙུགས་བྱས་ཡོད་པ་རེད། ཡིན་ནའང་སྦང་ལ་རྡེ་ཤིའི་འོས་བསྡུའི་ལས་དོན་རྟོག་ཞིབ་གནང་མཁན་ཡུ་རོབ་མཐུན་ཚོགས་ཡུལ་ཁག་གི་འོས་བསྡུ་རྟོག་ཞིབ་པ་ཚོས་འོས་བསྡུའི་ལས་དོན་དང་འབྲེལ་བའི་ལས་འཆར་རེ་བཟུང་ལས་སྤྱིའི་འཆར་འོས་བསྡུའི་ལས་དོན་དེ་ཕྱོགས་ལྷུངས་མེད་པ་དྲང་ལྡན་ཡིད་ཆེས་འཕེར་བ་ཡག་པོ་ཞིག་གོ་སྒྲིག་གནང་ཡོད་པའི་གཟིགས་ཚུལ་བྱུང་བའི་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་རེད། ད་རེས་སྦང་ལ་རྡེཤ་ནང་གི་འོས་བསྡུ་རྟོག་ཞིབ་ཀྱི་ཆེད་ཡུ་རོབ་མཐུན་ཚོགས་ཡུལ་ཁག་ཉི་ཤུ་རྩ་ལྔའི་སྐུ་ཞབ་འཐུས་མི་ཉིས་རྒྱ་སུམ་ཅུ་སོ་གཅིག་ཙམ་ཕེབས་ཡོད་པ་དང་ཁོང་རྣམས་ཀྱིས་འོས་བསྡུ་བྱ་ཡུལ་ས་ཁུལ་བརྒྱད་བརྒྱ་ཙམ་ལ་འོས་བསྡུ་རྟོག་ཞིབ་གནང་ཡོད་པ་དང་ཕྱོགས་མཚུངས་ཁོའོ་མེན་ལྦེལཐི་ཞེས་དེ་སྔ་དབྱིན་ཇིའི་མངའ་འོག་མཐུན་ཚོགས་ཡུལ་ཁག་གི་སྐུ་ཚབ་ཀྱང་འོས་བསྡུའི་ལས་དོན་རྟོག་ཞིབ་ལ་ཕེབས་ཡོད་པར་ཁོང་རྣམས་ཀྱིས་ཀྱང་འོས་བསྡུའི་ལས་དོན་ཚགས་ཚུད་ཡག་པོ་ཞིག་བྱུང་ཡོད་སྐོར་གཟིགས་ཚུལ་བྱུང་བའི་དགོངས་ཚུལ་སྤེལ་ཡོད་པ་རེད། ད་རེས་སྦང་ལ་རྡེ་ཤིའི་རྒྱལ་ཡོངས་འོས་བསྡུའི་ནང་སྲིད་བློན་ཟུར་པ་ལྕམ་ཤེཀ་ཧ་སི་ནས་དབུ་ཁྲིད་པའི་མནའ་འབྲེལ་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མིའི་ཞབས་སྟེགས་གསུམ་རྒྱ་ཡོད་པའི་ནང་ནས་ཉིས་རྒྱ་བདུན་ཅུ་ཐོབ་ཡོད་པ་དང་སྲིད་བློན་ཟུར་པ་སྦེ་གམ་ཁ་ལི་རྡ་ཛི་ཡའི་ཚོགས་པར་གང་ཟེར་ཡང་ཞབས་སྟེགས་ཉི་ཤུ་རྩ་བདུན་ལས་ཐོབ་མེད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།