རྒྱ་ནག་གི་ཤར་ཕྱོགས་སུ་རླུང་འཚུབ་དྲག་པོ་རྒྱབ་རྒྱུའི་ཉེན་ཁ།

རྒྱ་ནག་གི་ཤར་ཕྱོགས་མཚོ་ཁའི་ཞིང་ཆེན་གཉིས་ནས་མི་དམངས་གསུམ་འབུམ་གསུམ་ཁྲི་ལྷག་ཉེན་གཡོལ་དུ་གནས་སྤོ་བྱེད་བཞིན་ཡོད་པ་རེད།

2008-09-28
Share

༄༅༎རྒྱ་ནག་གི་ཤར་ཕྱོགས་མཚོ་ཁའི་ཞིང་ཆེན་གཉིས་ནང་རླུང་འཚུབ་དྲག་པོ་རྒྱབ་རྒྱུའི་ཉེན་ཁའི་འོག་ཞིང་ཆེན་དེ་གཉིས་ནས་མི་དམངས་གསུམ་འབུམ་གསུམ་ཁྲི་ལྷག་ཉེན་གཡོལ་དུ་གནས་སྤོ་བྱེད་བཞིན་ཡོད་པའི་སྐོར་རེས་གཟའ་ཉི་མའི་ཉིན་ས་གནས་ཀྱི་དཔོན་རིགས་ཀྱིས་བཤད་ཡོད་པ་རེད།

དེ་ཡང་གནམ་གཤིས་སྔོན་བརྡ་བཏང་བར་གཞིགས་ན། རེས་གཟའ་ཟླ་བའི་ཉིན་དགུང་རྒྱབ་ཏུ་འམ་ཡང་ན་དགོང་དྲོ་ཙམ་ལ་རྒྱ་ནག་གི་ཤར་ཕྱོགས་མཚོ་ཁའི་ཞིང་ཆེན་ཕུའུ་ཅན་ནང་རླུང་འཚུབ་དྲག་པོ་རྒྱབ་རྒྱུའི་ཉེན་བརྡ་བཏང་བར་བརྟེན་ནས་ཕུའུ་ཅན་དང་ཀྲེ་ཅང་ཞིང་ཆེན་དེ་གཉིས་ནང་གི་མི་དམངས་ས་གནས་གཞན་དུ་ཉེན་གཡོལ་དུ་གནས་སྤོ་བྱེད་བཞིན་པ་མ་ཟད། གྲུ་གཟིངས་བདུན་ཁྲི་དྲུག་སྟོང་ལྷག་གྲུ་ཁར་བབས་ཚུགས་སུ་ཕྱིར་ལོག་ཏུ་ཡོང་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་རེད། ལྷག་པར་དུ་རླུང་འཚུབ་དྲག་པོ་དེ་བརྒྱུད་ཞིང་ཆེན་དེ་གཉིས་ནང་དུ་ཆར་ཞོད་དང་རླུང་ཤུགས་ཆེན་པོ་རྒྱབ་རྒྱུའི་བློ་འཚབ་བྱེད་པ་མ་ཟད། ས་གནས་དཔོན་རིགས་ཀྱིས་ཆར་ཞོད་དང་རླུང་ཤུགས་དྲག་པོ་རྒྱབ་པ་ཡིན་ཚེ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཡོང་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད། ཕུའུ་ཅན་ཞིང་ཆེན་གྱི་རང་འབྱུང་གནོད་འཚེར་རྟོག་ཞིབ་བྱེད་མཁན་གྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། རླུང་འཚུབ་དྲག་པོ་དེ་ནི་རེས་གཟའ་ཉི་མའི་ཕྱི་དྲོའི་ཚོུད་བཞི་དང་ཕྱེད་ཀའི་གཡས་གཡོན་ལ་ཐའེ་ལྦན་ནང་རྒྱབ་སྟེ་ཐའེ་ལྦན་གྱི་དབྱི་ལན་ས་ཁུལ་ནང་ས་རུད་ཀྱི་གནོད་འཚེ་བྱུང་ཡོད་པ་དང་ཕུའུ་ཅན་ཞིང་ཆེན་དེ་ནི་ཐའེ་ལྦན་མཚོ་ཁའི་ཕྱོགས་སུ་ཁ་གཏད་དུ་གནས་ཡོད་པར་བརྟེན་ནས་ཞིང་ཆེན་དེའི་ས་གནས་དཔོན་རིགས་ནས་ཕུའུ་ཅན་ཞིང་ཆེན་གྱི་མཚོ་ཁའི་ཐོག་ལས་ཀ་བྱེད་མཁན་མི་དམངས་ཉིས་འབུམ་དྲུག་ཁྲི་ལྷག་ཡོད་པ་རྣམས་དང་གྲུ་གཟིངས་ལྔ་ཁྲི་ལྷག་ཡོད་པ་རྣམས་ངེས་པར་དུ་ཉེན་གཡོལ་དུ་གནས་སྤོས་བྱ་དགོས་པའི་བསྐྱར་དུ་བརྡ་ཁྱབ་བཏང་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎