ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་བོད་ནང་ཕེབས་ནས་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་བྱུང་།
ཡོ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་ཚོས་ད་རེས་བོད་ནང་འཚམས་གཟིགས་དང་མཉམ་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་བྱུང་།
ཡོ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་ཁག་ཅིག་ཟླ་འདིའི་ཚེས་༡༦ཉིན་རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཐད་རྟོག་ཞིབ་དང་། རྒྱ་ནག་གཞུང་དང་མཉམ་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་གནང་འཆར་ཡོད་པ་དང་བསྟུན། ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། ཐེངས་འདིའི་ཡོ་རོབ་མཐུན་ཚོགས་ཀྱི་འཚམས་གཟིགས་དེའི་ཁྲོད་རྒྱ་ནག་གཞུང་གིས་རང་ཉིད་ཀྱིས་སྟོན་འདོད་པའི་གནས་སྟངས་རྫུན་མ་ཙམ་ཞིག་སྟོན་སྲིད་ཀྱང་། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་བཙོན་ཁང་། དེ་བཞིན་དགོན་སྡེ་ཁག་ཏུ་བསྐྱོད་འཇུག་དགོས་པའི་རེ་འདུན་སྔ་ས་ནས་ཞུས་པ་བརྒྱུད། བོད་ནང་སྐད་ཡིག་དང་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་དངོས་རྒྱུས་ལོན་ཐུབ་རྒྱུའི་རེ་བ་གནང་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གི་བསླུ་བྲིད་འོག་མི་ཚུད་ཆེད་ང་ཚོའི་ངོས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཆེད་དུ་ཆ་རྐྱེན་བཞག་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་དུང་ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་གསལ་ལྟར་ན། ཐེངས་འདིའི་ཡོ་རོབ་མཐུན་ཚོགས་ཀྱི་འཚམས་གཟིགས་དེ་བཞིན་དེ་སྔ་ཕྱི་ལོ་༢༠༡༩ལོར་རྒྱལ་ཁབ་ཕྱོགས་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐེངས་༣༧པའི་སྐབས་སུ་གྲོས་མཐུན་བྱུང་བ་ཞིག་ཡིན་ཞིང་། ཐེངས་འདིར་གཙོ་བོ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་བར་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་བྱ་རྒྱུ་ཡིན་ཞིང་། ཚོགས་འདུ་དེ་བཞིན་ཟླ་འདིའི་ཚེས་༡༦ ཉིན་རྒྱ་ནག་ཁྲོན་ཆིན་(Chongqing)་གྲོང་ཁྱེར་དུ་འཚོགས་རྒྱུ་ཡིན་ཡང་། འཚམས་གཟིགས་དེ་རྒྱ་ནག་གཞུང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་པར་བརྟེན་ས་གནས་དང་ཆབ་སྲིད་བཙོན་པ་སུ་དང་སུ་ལ་ཐུག་འཕྲད་ཐུབ་མིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ངེས་གཏན་མེད་པ་གསུངས་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཚོགས་ཀྱི་ཚོགས་མི་(Paola Pampaloni)་ལགས་ཀྱིས་སྣེ་ཁྲིད་པའི་མཐུན་ཚོགས་ཀྱི་ཚོགས་ཆུང་དེ་བཞིན་ཟླ་འདིའི་ཚེས་༡༦ཉིན་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུར་ཞུགས་ཀྱི་ཡོད་པ་དང་། ཟླ་བ་རྗེས་མར་བོད་ནང་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད་འདུག
གནད་དོན་དེ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཀྱི་སྲིད་བྱུས་ངེས་སྟོན་པ་(Vincent Metten)་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལྟར་ན། ཐེངས་འདིའི་ཡོ་རོབ་མཐུན་ཚོགས་ཀྱི་རྒྱ་ནག་ཏུ་འཚམས་གཟིགས་དེ་བཞིན་ཆབ་སྲིད་ཀྱི་ངོས་ནས་གནད་འགག་ཅིག་ཆགས་ཀྱི་ཡོད་པ་དང་། དེ་ལྟ་བུ་ཡོ་རོབ་མཐུན་ཚོགས་གཞུང་འབྲེལ་གྱི་སྒོ་ནས་བོད་ནང་དུ་འཚམས་གཟིགས་དེ་བཞིན་ལོ་བཅུའི་གོང་༢༠༡༣་ཟླ་༩ཚེས་༩-༡༨་སྐབས་ཡོ་རོབ་སྤྱི་མཐུན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་(Stavros Lambrinidis)་བོད་ནང་ཆེད་ཕེབས་གནང་རྗེས་ཀྱི་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་ཁུལ་ཁག་གཅིག་ཏུ་བསྐྱོད་བཅུག་དགོས་རྒྱུའི་ཆ་རྐྱེན་བཏོན་པའི་འོག འཚམས་གཟིགས་དེའི་ཁྲོད་མཐུན་ཚོགས་ཀྱི་ངོས་ནས་བོད་ནང་དུ་རྒྱ་གཞུང་གིས་ཆེད་བཙུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་དང་བཙོན་ཁང་། དེ་བཞིན་དགོན་སྡེ་ཁག་ཏུ་ཆེད་ཕེབས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཐུབ་རྒྱུའི་རེ་བ་གནང་བཞིན་ཡོད་པ་གསུངས་སོང་ལ། ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་ཐེངས་འདིའི་འཚམས་གཟིགས་དེ་བཞིན་ཡུལ་བསྐོར་སྤྲོ་འཆམ་པ་ལྟར་དུ་མ་ཡིན་པར་ཆེས་རང་དབང་ལྡན་པའི་སྒོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་ཐུབ་རྒྱུའི་འབོད་སྐུལ་ཞུས་ཡོད་ཅིང་། འཚམས་གཟིགས་དང་འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་ཕྱིས་སུ་གསུང་རྒྱུ་ཡིན་ཞེས་ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གནད་དོན་དེ་དང་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་མིའི་མངོན་འདོད་གང་ཡིན་པ་མཁྱེན་པའི་ཐོག་ནས། བོད་ནང་ཕེབས་སྐབས་རང་དབང་ལྡན་པའི་སྒོ་ནས་ཕར་འགྲོ་ཚུར་འོང་དང་བོད་ནང་གནས་བཞུགས་བོད་མི་རྣམས་དང་བཀའ་མོལ་གནང་རྒྱུའི་རང་དབང་ཡོད་པ་ཡིན་ན། དེའི་ཐོག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་ཡོང་ཐུབ་པ་ཡིན་ལས། རྒྱ་ནག་གི་གུ་དོག་པའི་སྟངས་འཛིན་འོག་བོད་ནང་ཕེབས་ན་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་དཀའ་བས། ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་མི་སྣའི་སྐུ་ཚབ་རྣམས་བོད་ནང་ཕེབས་སྐབས་སུ་བོད་མིའི་མངོན་འདོད་གསལ་པོར་མཁྱེན་ན་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་བ་མ་ཟད། བོད་རྒྱའི་དཀའ་རྙོག་དེ་བཞིན་ལོ་དྲུག་ཅུ་ལྷག་གི་དཀའ་རྙོག་ཅིག་ཆགས་ཀྱི་ཡོད་སྟབས་རྒྱ་གཞུང་ལ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་། ལྷག་པར་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་ཕྱོགས་གཉིས་བར་འབྲེལ་མོལ་སླར་གསོ་ཐུབ་རྒྱུའི་འབོད་སྐུལ་ཞུ་དགོས་པ་གསུངས་སོང་།
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་(Vincent Metten)་ལགས་ཀྱིས་གསུངས་ན། འཚམས་གཟིགས་དེ་བཞིན་རྒྱ་ནག་གིས་མགྲོན་འབོད་བྱས་པ་ཞིག་མིན་པར། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་གནས་སྟངས་གལ་ཆེར་ངོས་འཛིན་གནང་བའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་དངོས་སུ་རྒྱུས་ལོན་ཆེད་བཅར་རྒྱུ་ཡིན་པ་ཞིག་རེད་ལ། ལྷག་པར་ཁུལ་དེར་བཅར་མཁན་གྱི་ཡོ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྣམས་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་གོ་རྟོགས་དང་རྒྱུས་མངའ་གང་ལེགས་ཡོད་མཁན་ཤ་སྟག་ཡིན་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རེ་བ་ནི། ཡོ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྣམས་རྒྱ་ནག་ནས་ཕྱིར་ལོག་ཕེབས་རྗེས་སུ། རྒྱ་ནག་གཞུང་དང་གྲོས་མོལ་གང་བྱུང་མིན་དང་བོད་ནང་གི་དངོས་ཡོད་གནས་སྟངས་སོགས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་མང་ཚོགས་དང་ཚོགས་སྒེར་ཁག དེ་བཞིན་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། ཐེངས་འདིའི་འཚམས་གཟིགས་དེ་བཞིན་སྤྱི་ལོ་༡༩༩༥ནས་རྩིས་པའི་འཚམས་གཟིགས་ཐེངས་༤༠པ་དེ་ཆགས་ཀྱི་ཡོད་པ་དང་། ཆབ་སྲིད་བཙོན་པ་རྩོམ་པ་པོ་ཨ་མདོ་རྔ་བ་ནས་ཡིན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། བོད་ནང་བཙོན་ཁང་ནང་དུས་ཡུན་རིང་ཤོས་བཞུགས་མཁན་བློ་གྲོས་རྒྱ་མཚོ་ལགས་ལྟ་བུའི་གནས་སྟངས་རྒྱུས་ལོན་ཐུབ་རྒྱུའི་རེ་བ་གནང་བཞིན་ཡོད་ཀྱང་། ཡོ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྣམས་ནས་དེ་སྔ་རྒྱ་ནག་ཏུ་ཆེད་ཕེབས་སྐབས་རྒྱ་གཞུང་གིས་ལྐོག་ཏུ་འཛིན་བཟུང་བྱས་པའི་གནས་སྟངས་སོགས་ལ་སྔོན་འགོག་དགོས་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་རྣམ་པས་རེ་བ་བཟང་ས་ནས་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྔ་མོ་ནས་སྤེལ་བཞིན་པའི་སྲིད་བྱུས་ངན་པར་སེམས་འཚབ་ཡོད་པ་གསུངས་སོང་། ལྷག་པར་ཐེངས་འདིར་བཙོན་ཁང་དུའང་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་ནི་ཆེས་ཐོག་མ་ཡིན་ཞིང་མཐུན་ཚོགས་ངོས་ནས་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་དང་ཡོ་རོབ་མཐུན་ཚོགས་ལ་བཀའ་དྲིན་ཆེ་ཞེས་ཞུས་སོང་།
གཞི་རྩའི་འདི་ལོའི་སྤྱི་ཟླ་༣པའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༥པའི་སྐབས་སུ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་ནང་གི་ཆེས་ཉམ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཡོད་པ་མངོན་གསལ་གནང་ཡོད་ཅིང་། སྐབས་དེར་བཅའ་སྡོད་སློབ་གྲྭ་སོགས་བརྒྱུད་ནས་བོད་པའི་བསམ་བློ་བཅོས་བསྒྱུར་དང་མི་རིགས་སྡེབ་གསོད། དེ་བཞིན་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་ཐད་ཆེས་དམ་དྲག་ཡོད་པའི་གནས་སྟངས་སོགས་གསལ་སྟོན་གནང་བ་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་གུས་བཀུར་ཞུས་པའི་ཐོག་ནས་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པ་ནན་བརྗོད་གནང་ཡོད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།