བོད་མི་ཚོས་ཞི་བདེའི་ཆེད་ཟས་བཅད་སྨྱུང་གནས་གནང་ཡོད་པ།

བོད་རིཌ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བདེའི་ཆེད་ཆུ་ཚོད་བཅུ་གཉིས་རིང་ཟས་བཅད་སྨྱུང་གནས་གནང་ཡོད་པ་རེད།

2008-08-30
Share

༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཕྱི་ཟླ་བརྒྱད་པའི་ཚེས་སུམ་བཅུ་བོད་ས་བྱི་ཧོར་ཟླ་དྲུག་པའི་ཚེས་གནམ་གང་ཉིན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་དེ་བཞིན་ཞི་བདེར་དགའ་བའི་མང་ཚོགས་ནས་འཇིག་རྟེན་ཁྱོན་ཡོངས་སུ་ཆུ་ཚོད་བཅུ་གཉིས་རིང་ཟས་བཅད་སྨྱུང་གནས་དང་གསོལ་འདེབས་སྨོན་ལམ་གནང་ཡོད་པ་དང་ལྷག་པར་དུ་༸གོང་ས་མཆོག་སྨྱུང་གནས་གསོལ་སྨོན་ནང་ལྷན་བཞུགས་གནང་ཡོད་པ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་རིམ་པ་ཐོན་འདུག

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་སྨྱུང་གནས་གསོལ་སྨོན་གནང་སྐབས་གསུང་བཤད་གནང་བའི་གསལ་བཏོན་གནང་བར་ལས་རིམ་འདི་ནི་སྡང་སེམས་དང་འཁོན་འཛིན་ཁོང་ཁྲོ་སོགས་ཀྱི་ཀུན་ནས་སླངས་པའི་ངོ་རྒོལ་རྔམ་སྟོན་གྱི་བྱ་བ་ཞིག་མ་ཡིན་པར་སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་བའི་དམ་པའི་ཆོས་ཀྱི་སྙིང་དོན་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཐེག་པ་ཐུན་མོང་བའི་ལམ་དང་གཞན་ཕན་མཐའ་དག་བསྒྲུབ་པའི་བྱམས་བརྩེ་སྙིང་རྗེའི་སྙིང་པོ་ཅན་གྱི་ཐེག་པ་ཆེན་པོའི་ལམ་དང་ཉམས་ལེན་དེ་དག་སྤྱི་ཚོགས་དང་མི་རིགས་ཀྱི་ཕན་བདེ་བསྒྲུབ་པའི་འཇིག་རྟེན་ཆབ་སྲིད་ཀྱི་བྱ་བར་ཡང་ལག་ཏུ་བླང་ཆོག་པ་ཡིན་ཞེས་དང་༸གོང་ས་མཆོག་གིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཡོངས་རྫོགས་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་ཐབས་ཀྱི་ལམ་སྟོན་བླ་མེད་རྒྱུན་བསྲིངས་གནང་བའི་འབྲས་བུར་ད་ཆ་བོད་མིའི་ལས་འགུལ་ཕལ་ཆེ་བ་ལུས་ཀྱི་འཚེ་བ་རགས་པ་དང་བྲལ་ནས་ལོ་གྲངས་མང་ཙམ་ཕྱིན་ཟིན་པའི་དབང་གིས་འཇིག་རྟེན་ཡོངས་སུ་བོད་དང་བོད་མིར་བསམ་ཡུལ་ལས་འདས་པའི་རྒྱབ་སྐྱོར་དང་མཐུན་འགྱུར་ཐོབ་ཡོད་ཅེས་དང་མཐའ་དོན་ཉེ་ཆར་བོད་དུ་དུས་ཟིང་སྐབས་ལུས་སྲོག་ཤོར་བ་རྣམས་དང་ཉེས་བརྡུང་བཙོན་འཇུག་ཕོག་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ལུས་སྲོག་གི་མཆོད་སྦྱིན་དོན་ལྡན་དུ་འགྲོ་བ་དང་སྡུག་སྦྱོང་མནར་གཅོད་ལས་མྱུར་དུ་གྲོལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག།

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།