བོད་ནང་གི་ས་ཁུལ་མང་པོར་དྲག་ཆར་བབས་ནས་ཆུ་ལོག་རྒྱུག་འདུག
བོད་ནང་གི་ས་ཁུལ་མང་པོར་དྲག་ཆར་དང་སེར་བ་ཤུགས་ཆེན་བབས་སྟེ་ཆུ་ལོག་རྒྱུག་ཡོད་པ་དང་མི་རྒྱུ་གཉིས་ལ་གོད་ཆགས་ག་ཚོད་ཐེབས་ཡོད་མེད་གནས་སྐབས་གསལ་བོ་མི་འདུག
ཕྱི་ཟླ་ ༦ ་ཚེས་ ༡༨་ཉིན་གྱི་ཕྱི་དྲོ་བོད་ནང་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་གཙོས་ཟི་ལིང་གྲོང་ཁྱེར་དང་། ཡུལ་ཕྱོགས་དེའི་ས་ཁུལ་མང་པོའི་ནང་དྲག་ཆར་བབས་ནས་ཆུ་ལོག་ཤུགས་ཆེན་རྒྱུག་ཡོད་པ་དང་། ཁང་པ་དང་གཞུང་ལམ་སོགས་ཆུས་ཁེངས་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པ། བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ། མི་ཤི་སྐྱོན་ཆགས་བྱུང་ཡོད་པ་ཧ་ལམ་ངེས་པ་ཡིན་པ་དང་། རླངས་འཁོར་སོགས་ཀྱི་ནང་མི་རེ་གཉིས་ཆུས་འཁུར་ནས་འགྲོ་བཞིན་པ་ཁོང་གིས་དངོས་མཐོང་བྱུང་སྐོར་བརྗོད་བྱུང་།
ད་དུང་གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་ན། ཕྱི་ཚེས་༡༧ ་བཟུང་གནམ་གཤིས་ཇེ་སྡུག་ཏུ་ཕྱིན་ནས་དྲག་ཆར་དང་སེར་བ་འབབ་མགོ་ཚུགས་ཡོད་འདུག་ལ། ཐེངས་འདིར་དྲག་ཆར་དང་སེར་བ་འབབ་ཚུལ་དེ་དྲག་རླུང་ལྟར་ཤུགས་ཆེན་པོས་འཁོར་ནས་ཡོང་བ་དང་། གནོད་འཚེ་བྱུང་སའི་ས་ཁུལ་གཙོ་བོ་ཡུལ་ཤུལ་སྐྱེས་དགུ་མདོ་ནས་མཛོ་རྒན་ར་བར་དང་། དེ་ནས་ནག་ཆུ་དང་མགོ་ལོག་ཁུལ། དེ་བཞིན་རྨ་སྟོད་དང་དར་ལག་རྫོང་། རྨ་ཆེན་རྫོང་། དགའ་བདེ་རྫོང་། གཅིག་སྒྲིལ་རྫོང་། པདྨ་རྫོང་། མཚོ་སྔོན་འབབ་རྫོང་དང་ཁྲི་ཀ་སོགས་ཡིན་འདུག
དྲག་ཆར་དང་ཆུ་འོག་ཁྲོད་རླངས་འཁོར་ཆུ་ལོག་ནང་ལྷུང་ནས་མི་ཤི་བ་དང་། དེ་བཞིན་འབྲོག་པའི་ས་ཁུལ་ཁག་ཏུ་མི་མང་པོ་འཆི་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་ཡོད་འདུག་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་འདིའི་སྐོར་དང་པར་བརྙན་སོགས་དྲ་ལམ་ཁག་ཏུ་བརྒྱུད་སྐུར་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་སྟེ། དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་གནས་ཚུལ་མཁོ་སྤྲོད་པ་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ད་ལྟའི་སྐབས་ས་གནས་ཀྱི་རོགས་སྐྱོར་བྱེད་མཁན་ཉུང་ཤས་གནོད་ཐེབས་ས་ཁུལ་དུ་ཡོང་སྟེ། སེམས་ཅན་མང་པོ་ཤི་རྨས་བྱུང་བ་ཁག་དང་རླངས་འཁོར་ཆུའི་ནང་ལྷུང་བ་ཁག་ལེན་རོགས་བྱེད་བཞིན་འདུག་པ་ལས། གཞན་སྲིད་གཞུང་གི་ངོས་ནས་རོགས་སྐྱོར་བྱེད་མཁན་གནོད་འཚེ་ཐེབས་ཡུལ་ས་གནས་ཁག་ཏུ་ཐོན་མེད་པ་རེད་འདུག
བོད་ཀྱི་རང་འབྱུང་ཁོར་ཡུག་ནི་འཛམ་གླིང་ནང་གལ་འགངས་ཧ་ཅང་ཆེན་པོར་བརྩི་བཞིན་ཡོད་ཅིང་། ཉེ་བའི་ལོ་ཤས་ནས་བཟུང་བོད་ཁུལ་ཡོངས་སུ་ཆུ་ལོག་དང་ས་ཡོམ་སོགས་འབྱུང་བའི་གནོད་འཚེ་མང་དུ་འགྲོ་བཞིན་ཡོད་པ་རེད། དཔེར་ན། ཉེ་སྔོན་ཕྱི་ཟླ་ ༥་ནང་རྨ་སྟོད་རྫོང་དུ་ས་ཡོམ་འགུལ་ཚད་བདུན་ཚེག་བཞི་ཡོད་པ་རྒྱབ་ནས་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་ལྟར། ཕྱི་ཟླ་ ༦ ་ཚེས་ ༡༦ ་ཉིན་མཚོ་སྔོན་མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར་དུ་ས་ཡོམ་འགུལ་ཚད་ ༥.༨ ཅན་ཞིག་བརྒྱབ་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐོན་ཡོད་པ་རེད་ལ། གཞན་ཡང་ཕྱི་ཟླ་ ༦ ་ཚེས་ ༡༢ ་ཉིན་རྒྱ་ནག་ཚན་རིག་ཁང་ཟེར་བའི་རླུང་ཁམས་ཞིབ་འཇུག་ཚོགས་པས། བོད་མཐོ་སྒང་གི་གནམ་གཤིས་སྐོར་ནས་ཞིབ་འཇུག་གྲུབ་དོན་ཟེར་བ་ཞིག་བཏོན་པའི་ནང་། མ་འོངས་པར་བོད་ས་མཐོར་ལོ་འགའི་རིང་བརླན་གཤེར་དང་དབྱར་དུས་སུ་ཆར་པ་འབབ་པའི་གནམ་གཤིས་ཚད་མང་དུ་ཕྱིན་ནས། ཆ་སྙོམས་ཆར་འབབ་ཚད་བརྒྱ་ཆ་ ༡༠ ་མང་དུ་འགྲོ་རྒྱུ་ཡིན་པ་བཏོན་ཡོད་པ་རེད།