ཉག་ཆུ་རྫོང་གི་རི་ངོས་སུ་འབར་བཞིན་པའི་མེ་སྐྱོན་རྩ་ནས་གསོད་ཐུབ་མེད་པ་རེད་འདུག

2024.03.19
ཉག་ཆུ་རྫོང་གི་རི་ངོས་སུ་འབར་བཞིན་པའི་མེ་སྐྱོན་རྩ་ནས་གསོད་ཐུབ་མེད་པ་རེད་འདུག ཉག་ཆུ་རྫོང་དུ་མེ་སྐྱེན་ཤོར་བའི་སྐབས། ༢༠༢༤།༠༣།༡༧ ཉིན།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༡༥ ནས་བཟུང་བོད་ནང་གི་ཉག་ཆུ་རྫོང་མགར་ར་གྲོང་ཚོའི་དཔེ་རྩེ་རི་ངོས་སུ་མེ་སྐྱོན་བྱུང་ཡོད་པ་བཞིན། དེ་རིང་ཕྱི་ཚེས་ ༡༩ ཉིན་མུ་མཐུད་མེ་སྐྱོན་རྩ་ནས་གསོད་མ་ཐུབ་པར་ཉིན་གྲངས་ ༥ ཙམ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་མེ་སྐྱོན་བྱུང་ཡུལ་གྱི་ས་གནས་ཡུལ་མི་ཚོ་ཉག་ཆུ་རྫོང་སློབ་ཆུང་ནང་གནས་སྤོར་བྱས་ཏེ་གུར་ནང་དུ་བསྡད་ཡོད་པ་དང་། མི་ལ་ཤི་རྨས་སོགས་ཀྱི་གནས་ཚུལ་བྱུང་མེད་ན་ཡང་སྡོད་ཁང་མེས་འཚིག་པ་སོགས་རྒྱུ་ནོར་ལ་གྱོང་གུད་བྱུང་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་མེ་སྐྱོན་དང་ཁ་ཐག་ཉེ་སའི་ས་གནས་སུ་ཁྱོན་ནས་གཏོང་གི་མེད་སྟབས། སྡོད་ཁང་རྒྱུ་ནོར་སོགས་ལ་གནོད་སྐྱོན་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། མེ་སྐྱོན་བྱུང་ཁག་ཏུ་འཇམ་དབྱངས་ཆོས་གླིང་དགོན། ཨ་ཁུ་ཡོན་འབེའི་དགོན་པ་དང་། དེ་བཞིན་དར་རྩེ་མདོའི་ས་ཁུལ་ནང་ཁེལ་བའི་ཨོ་རུང་གི་ས་ཆའི་འཕགས་མོ་རིའི་དགོན་པ་བཅས་ཡོད་པ་ལས། འཇམ་དབྱངས་ཆོས་གླིང་དང་ཨ་ཁུ་ཡོན་འབེའི་དགོན་པ་གཉིས་ཀྱི་ཉེ་འཁོར་མེ་སྐྱོན་ས་གནས་མི་མང་གིས་བསད་ཡོད་པ་ལས། འཕགས་མོ་རིའི་དགོན་པ་ལ་གནོད་སྐྱོན་བྱུང་ཡོད་མེད་ཤེས་རྟོགས་མེད་པ་དང་། ད་ལྟའི་ཆར་མེ་སྐྱོན་གྲོང་སྡེ་ཁག་ཏུ་འབར་རྒྱུའི་ཉེན་ཁ་ཆུང་རུ་ཕྱིན་ཡོད་ན་ཡང་། རླུང་ཤུགས་རྐྱེན་གྱིས་མེ་སྐྱོན་དེ་ཉེ་འཁོར་ས་གནས་གཞན་དུ་བྱུང་རྒྱུའི་ཉེན་ཁ་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མི་མང་བདེ་འཇགས་གནས་སུ་སྤོར་ཡོད་པ་དང་། མེ་སྐྱོན་གྱི་གནས་ཚུལ་དེ་སྔ་དང་བསྡུར་ན་ཇེ་ཆུང་དུ་ཕྱིན་ཡོད་སྐོར་དང་། དེ་བཞིན་ཕྱི་ཚེས་ ༡༨ ཉིན་སི་ཁྲོན་ཞིང་ཆེན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་བཀོད་འདོམས་ལས་ཁུངས་ཟེར་བས་ཚོགས་འདུ་འཚོགས་ཏེ། སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཞའོ་ཧུའེ་ཟེར་བས་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་མང་པོ་ཐོན་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་པ་དང་། ཉག་ཆུའི་མེ་སྐྱོན་དེ་གཞི་རྒྱ་ཆེ་ཞིང་གསོད་དཀའ་ཆེ་བ་སོགས་བརྗོད་འདུག

ཉག་ཆུ་རྫོང་ནི་རི་མཐོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡོད་པའི་གནས་ཤིག་ཡིན་སྟབས། ལོ་ལྟར་མེ་སྐྱོན་གྱི་གནས་ཚུལ་ཐོན་གྱི་ཡོད་པ་དང། འབྲེལ་ཡོད་གཞན་ཞིག་ནས་ནགས་ཚལ་ལ་ལོ་ལྟར་མེ་སྐྱོན་བྱུང་བཞིན་པ་དེ་མི་མང་ཁྲོད་རྒྱ་ནག་གཞུང་ངོས་ནས། ཤིང་ནགས་དབོར་འདྲེན་ཆེད་མེ་འབར་བཅུག་བཞིན་པའི་དོགས་གཞི་བྱེད་མཁན་ཤུགས་ཆེ་ཡོད་པ་མ་ཟད། སྔར་ལོ་ཡང་ནག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་ལྷག་ཙམ་རིང་མེ་གསོད་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གྲོས་ཚོགས་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་ལས་ཉིན་གཉིས་པར་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐད་བགྲོ་གླེང་གནང་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎