འཛམ་ཐང་ལ་ས་རྩོད་བྱུང་ནས་བོད་མི་བཞི་ལ་རྨས་སྐྱོན་བྱུང་བ།


2014-12-31
Share
འཛམ་ཐང་ལ་ས་རྩོད་བྱུང་ནས་བོད་མི་བཞི་ལ་རྨས་སྐྱོན་བྱུང་བ། འཛམ་ཐང་ལ་རྒྱ་ནག་གཞུང་གིས་མངགས་གཏོང་ཁང་གསར་རྒྱག་ཆེད་ས་རྩོད་བྱུང་ཡུལ། ༢༠༡༤།༡༢།༣༠
ཀླུ་འབུམ།

༄༅༎བོད་ནས་འདི་ག་གནས་ཚུལ་འབྱོར་དོན། རྔ་བ་ཁུལ་འཛམ་ཐང་རྫོང་གི་ཉེ་འདབས་ཀྱི་ས་གནས་བོད་མིའི་ས་ཞིང་ཐོག་ས་གནས་རྒྱ་ནག་གཞུང་གིས་ཉེན་རྟོག་རུ་ཁག་དང་མངགས་གཏོང་ཁང་རྒྱག་འཆར་གྱིས་ས་ཞིང་དེ་བཙོང་དགོས་བའི་བཙན་བཀའ་བཏང་བའི་དཀའ་རྙོག་སྔ་ས་ནས་ཡོད་པ་དང་། སྤྱི་ལོ༢༠༡༤ལོའི་ཟླ་༡༢་བའི་ཚེས་༣༠ཉིན་ས་བདག་དང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པའི་བར་ས་ཞིང་དེའི་ཐད་འཁྲུག་རྩོད་ཤོར་ནས་ཉུང་མཐར་ཡང་བོད་མི་ཏཱ་རེ་སྐྱིད་དང་། བསམ་ལྷ། རཏྣ་དར་རྒྱས། ཀླུ་སྐྱིད་སོགས་མི་གྲངས་བཞི་ལ་ཉེན་རྟོག་མི་སྣས་གཅར་རྡུང་བཏང་ནས་རྨས་སྐྱོན་ཕོག་པ་དང་། བསམ་ལྷ་ལ་རྨས་སྐྱོན་ལྗིད་པོ་ཕོག་ཡོད་པ་རེད་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ས་གནས་བོད་མིའི་ས་ཞིང་དེ་ས་གནས་འཛུགས་བསྐྲུན་ཆེད་བཙོང་དགོས་བའི་བཙན་བཀའ་གཏོང་མཁན་གཙོ་བོ་རྫོང་དཔོན་གཞོན་པ་ཚེ་རིང་རྣམ་རྒྱལ་ཡིན་པ་དང་།  སའི་བདག་པོ་ཁྱིམ་ཚང་ཉམ་ཐག་ཡིན་པ་དང་ས་ཞིང་དེ་ཁྱིམ་ཚང་གི་འཚོ་རྟེན་གཙོ་བོ་ཡིན་པ་རེད་ཟེར། རྒྱ་ནག་གིས་འཛུགས་བསྐྲུན་འདྲ་མིན་གྱི་ལས་གཞིའི་ཁྲོད་ས་གནས་བོད་མིའི་ས་ཞིང་བཙན་ཤེད་ཀྱིས་གཞུང་བཞེས་དང་། བཙན་འཕྲོག ཡང་ན་བཙོང་དགོས་བ་སོགས་བཙན་པོས་བཀོད་ཁྱབ་འོག་བོད་ཀྱི་ས་ཁུལ་འདྲ་མིན་ལ་བོད་མི་ཚོར་དཀའ་ངལ་འདིའི་རིགས་ཀྱི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་པ་དང་། ལོ་སྔོན་མར་རྒྱ་ནག་གི་སྤྱི་བདེ་ལས་ཁུངས་དང་། དྲག་ཆས་ཉེན་རྟོག་པ་མང་པོས་གློ་བུར་ཀན་ལྷོ་ཀླུ་ཆུ་རྫོང་དུ་ཡང་ས་གནས་བོད་མིས་ཉོས་པའི་ས་ཆའི་ཐོག་ ཀླུ་ཆུ་རྫོང་ས་ཁུལ་བདག་སྐྱོང་འགོ་ཁྲིད་ཚོགས་ཆུང་ཞེས་པས་མི་མང་སྲིད་གཞུང་གི་ཡིག་ཆ་དང་མཉམ་ས་ཆ་དེ་ཕྱིར་བསྡུ་གཞུང་བཞེས་བཏང་བ་ཡིན་པའི་བརྡ་ཁྱབ་བཙན་ཤེད་ཀྱིས་་སྦྱར་ནས་ས་ཆ་བཙན་འཕྲོག་དང་།  བོད་མི་ཚོར་གཅར་རྡུང་གིས་ཉུང་མཐར་ཡང་བོད་མི་༡༥ཙམ་འཛིན་བཟུང་གིས་དུས་ཡུན་འདྲ་མིན་ལ་བཀག་ཉར་བྱས་ཡོད།

གསར་འགོད་པ་ཀླུ་འབུམ་དང་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།