ནང་སོག་ནང་སླར་ཡང་ངོ་རྒོལ་ལས་འགུལ།
2011.06.30
༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་རེས་གཟའ་པ་སངས་ཉིན་ནང་སོག་ནང་སློབ་ཕྲུག་དང་། འབྲོག་པ་ཚོས་ཞ་ཉེའི་གཏེར་ཁ་བསྔོག་བཏོན་བྱེད་མཁན་གྱི་བཟོ་གྲྭ་ཞིག་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཞ་ཉེ་བསྔོག་བཏོན་གྱི་ལས་གཞི་དེའི་ཐོག་ནས་དུག་རྫས་འོག་ནས་ཁོར་ཡུག་ལ་སྦག་གཙོག་་ཤོར་བ་དང་། སྒོ་ཕྱུགས་སེམས་ཅན་མང་པོ་ཤི་སྐྱོན་འགྲོ་གི་ཡོད་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། མང་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་ཉེན་རྟོག་དམག་མི་བཏང་ནས་ཉེས་རྡུང་ཚད་མེད་བཏང་བཞིན་ཁོང་ཚོ་འཛིན་བཟུང་དོ་དམ་བྱས་ཡོད་པར་བརྟེན་ད་ལྟའི་ཆར་ཁོང་ཚོ་ས་གནས་གང་དུ་འཁྲིད་ཡོད་མེད་གནས་ཚུལ་ཤེས་རྟོག་མེད་པར་གྱུར་ཡོད་འདུག
འདས་པའི་ཟླ་བ་དེའི་ནང་། ནང་སོག་ཁུལ་འབྲོག་པ་ཞིག་རྒྱ་མིའི་རྡོ་སོལ་བཟོ་གྲྭ་ཞིག་གི་དོ་པོ་འོར་འདྲེན་བྱེད་མཁན་གྱི་རླངས་འཁོར་འོག་བསད་པའི་རྐྱེན་གྱིས་ནང་སོག་མི་མང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། གནས་ཚུལ་དེས་རྐྱེན་པས་རླངས་འཁོར་གཏོང་མཁན་དེ་ཁྲིམས་ཁང་ནས་སྲོག་ཐོག་གི་ཉེས་ཆད་ཀྱང་བཏང་ཡོད་པ་རེད། འོན་ཀྱང་ནང་སོག་མི་མང་ཚོས་ཁུལ་དེར་རྒྱ་རིགས་མི་འབོར་ཧ་ཅང་ཆེ་བ་དང་གཏེར་ཁ་བསྔོག་བཏོན་གྱི་བཟོ་གྲྭ་དེ་དག་ནས་ཁོར་ཡུག་ལ་གནོད་སྐྱོན་ཙམ་མ་ཡིན་པར་ཁོང་ཚོ་གྲངས་ཉུང་མི་རིགས་ལྟ་བུར་གྱུར་ནས་རིག་གཞུང་རིམ་པས་ཉམས་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་བློ་འཚབ་དང་དཀའ་ངལ་ཡོད་པ་རྣམས་ས་གནས་སྲིད་གཞུང་ལ་ཞུ་གཏུགས་མུ་མཐུད་ནས་བྱེད་བཞིན་ཡོད་པ་རེད། ཉེ་ཆར་བྱུང་བའི་གནས་ཚུལ་དེའི་སྐོར་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་ས་གནས་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས་ལ་འདྲི་བརྩད་བྱས་ཀྱང་འདིའི་སྐོར་གང་ཡང་ཤེས་རྟོག་མེད་ཅེས་ལན་རྒྱབ་ཡོད་འདུག