འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་ནད་ཡམས་ལ་གདོང་ལེན་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་འདུག

2021-06-14
Share
འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་ནད་ཡམས་ལ་གདོང་ལེན་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་འདུག འཛམ་གླིང་གི་འབྱོར་ལྡན་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས། ༦།༡༢།༢༡
AFP

འཛམ་གླིང་གི་འབྱོར་ལྡན་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ཉིན་གསུམ་གྱི་ཚོགས་ཆེན་མཇུག་བསྒྲིལ་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་དང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་གདོང་ལེན། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་གྲོས་མོལ་བྱུང་ཡོད་འདུག
འདི་ཚེས་༡༡་ནས་༡༣་བར་འཛམ་གླིང་གི་འབྱོར་ལྡན་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་མི་རི་ཀ་དང་། དབྱིན་ཡུལ། ཁེ་ན་ཌ། འཇར་མི་ནི། ཧྥ་རན་སི་། ཨི་ཊ་ལི། ཉི་ཧོང་བཅས་ཀྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་རྗེས་མཐའ་སྡོམ་ཟུང་སྦྲེལ་གྱི་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་གསལ་ལྟར་ན། ཨ་རིས་སྣེ་ཁྲིད་པའི་འོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་ལུགས་གསུངས་ཏེ་དམིགས་བསལ་ཤིན་ཅང་ཡུ་གུར་མི་རིགས་གཙོས་གྲངས་ཉུང་མི་རིགས་དང་རྒྱ་ནག་གི་འགྲོ་བ་མིའི་ཐབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་བ་དང་། ཧོང་ཀོང་ནང་མང་གཙོའི་ལམ་ལུགས་བསྐྱར་གསོ་དགོས་པ། རྒྱ་ནག་དང་ར་ཤེ་ཡ་གཉིས་ལ་གདོང་ལེན་བྱེད་ཕྱོགས་དང་། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཟེར་བ་དེར་གདོང་ལེན་ཆེད་དམིགས་བསལ་རྒྱལ་ཁབ་སྐྱོ་བ་ཚོར་མཐུན་འགྱུར་བྱེད་ཕྱོགས་ཀྱི་འཆར་གཞི་ཁ་གསལ་བཏོན་ཡོད་པ་རེད།
ནད་ཡམས་ཐད་འཛམ་གླིང་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་གདོང་ལེན་བྱེད་ཐབས་སུ་དམིགས་ནས་ལོ་འཁོར་གཅིག་ནང་ཚུད་སྔོན་འགོག་སྨན་ཁབ་ཐེར་འབུམ་གཅིག་ཞལ་འདེབས་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་ནི་སྔ་རྗེས་ཁྱོན་བསྡོམས་ཐེར་འབུམ་གཉིས་ཙམ་ཆགས་ཀྱི་ཡོད་པ་དང་། གཞན་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་གསལ་བོ་མཐིལ་ཕྱིན་པ་ཞིག་རྩད་གཅོད་གཏོང་དགོས་པའི་ནན་བརྗོད་བྱས་ཡོད་པ་རེད།
ཡང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་གནད་དོན་ཐོག་མ་འོངས་ཕྱི་ལོ་ ༢༠༥༠་བར་གནམ་གཤིས་འགྱུར་ལྡོག་ལ་གནོད་འཚེ་ཡོད་པ་སོལ་རླངས་རིགས་བེད་སྤྱོད་གཏོང་ཚད་ཉུང་དུ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད། འོན་ཀྱང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཚོས་གྲོས་མཐུན་གྱི་ནང་དོན་ཐོག་འདོད་བློ་ཁེངས་པ་ཞིག་བྱུང་མེད་ལུགས་སྐྱོན་བརྗོད་བྱས་འདུག
གཞན་དཔལ་འབྱོར་གྱི་གནད་དོན་ཐད། ཏོག་དབྱིབས་ནད་ཡམས་ཀྱི་དུས་སྐབས་འདིར་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་སྤྲོད་རྒྱུ་གཅིག་པུ་མ་ཡིན་པར་མ་འོངས་ཡུན་གནས་ཐུབ་པའི་དཔལ་འབྱོར་དང་། འཚོ་བ་ཉམས་པ་སླར་གསོ་ཡོང་ཐབས་སུ་དམིགས་ནས་ཚོང་འབྲེལ་བྱེད་ཕྱོགས་དང་། གཞན་ཡང་ལས་འཆར་ཁག་ཅིག་སྤེལ་རྒྱུའི་འཆར་བཀོད་གནང་རྒྱུ་ཡིན་ལུགས་གསུངས་ཡོད་ཀྱང་འཛམ་གླིང་དངུལ་ཁང་ཆེན་མོ་དང་། དེ་བཞིན་འབྲེལ་ཡོད་ཚོགས་པ་ཁག་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་ད་ལྟའི་ཆ་མ་སྙོམས་པའི་དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་འདིར་རྒྱལ་ཁབ་ཕྱུག་པ་ཚོས་མཐུན་འགྱུར་རྒྱ་ཆེ་ཙམ་གནང་དགོས་ལུགས་གསུངས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།