སྟོན་པའི་མཛད་རྣམ་གློག་བརྙན་འཁྲབ་མཁན་གྲགས་ཅན་ཞིག་ཉིན་གྲངས་བཅོ་ལྔར་རབ་ཏུ་བྱུང་འདུག

2022.02.15
Share on WhatsApp
Share on WhatsApp
སྟོན་པའི་མཛད་རྣམ་གློག་བརྙན་འཁྲབ་མཁན་གྲགས་ཅན་ཞིག་ཉིན་གྲངས་བཅོ་ལྔར་རབ་ཏུ་བྱུང་འདུག རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་གྲགས་ཅན་གྷ་གྷན་མ་ལིཀ་(Gagan Malik)་ལགས་ཉིན་གྲངས་བཅོ་ལྔའི་རིང་རབ་བྱུང་གི་སྡོམ་པ་ཞུས་སྐབས། ༢།༡༠།༢༠༢༢
@Gagan Malik

འདི་ཚེས་༡༠་ཉིན་རྒྱ་གར་གྱི་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་། སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་འཁྲབ་མཁན་གྷ་གྷན་མ་ལིཀ་(Gagan Malik)་ལགས་ཐེ་ལན་ཊིའི་( Wat Tha Thong Royal Monastery)་ཞེས་པའི་ནང་པའི་དགོན་པ་ཞིག་དུ་ཉིན་གྲངས་༡༥་རིང་ནང་པའི་རབ་བྱུང་གི་སྡོམ་པ་ཞུས་ཡོད་པ་དང་། དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་ལ་བཅར་འདྲི་ཞུས་སྐབས། ཁོང་གིས། ང་རང་ནང་ཆོས་ཀྱི་དོན་རྟོགས་པའི་ཆེད་དུ་དང་། ངའི་བསམ་པར་ཐེ་ལན་ཊི་ནི་འཛམ་གླིང་ནང་གི་ནང་པའི་ལྟེ་གནས་ལྟ་བུ་ཆགས་ཀྱི་ཡོད་དུས། དང་པོ་ང་རང་རབ་བྱུང་གི་མི་ཚེ་དང་ནང་ཆོས་ཀྱི་དོན་རྒྱ་ཆེ་ཙམ་རྟོགས་པའི་ཆེད་དུ་དང་ཕྱིས་སུ་ང་རང་རྒྱ་གར་ནང་རྒྱུད་རིམ་དེ་རྒྱུན་མཐུད་བྱ་རྒྱུ་ནི་ངའི་ཀུན་སློང་གཙོ་བོ་དེ་ཡིན་ཅེས་དང་། ང་རང་གིས་ཉིན་གྲངས་༡༥་ཡི་རིང་རབ་བྱུང་གི་སྡོམ་པ་ཞུས་དགོས་དོན་ནི། ཐེ་ལན་ཊི་ནང་གི་དགོན་པའི་སྒྲིག་ཁྲིམས་གཞིར་བཟུང་རབ་བྱུང་གི་སྡོམ་པ་ཉུང་མཐར་ཉིན་གྲངས་༡༥་རིང་ཞུ་དགོས་ཀྱི་འདུག ཕྱིས་སུ་སོ་སོའི་འདོད་པ་ལྟར་དེ་ལས་མང་བ་ཞུ་ཕྱོགས་ཡང་འདུག ཡིན་ན་ཡང་ང་རང་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་པས་ཆ་ནས་དམ་བཅའ་དང་འགན་འཁུར་མང་པོ་ཞིག་ཡོད་རེད། འཁྲབ་སྟོན་པ་ཞིག་ལ་སོ་སོའི་སྐྲ་དང་མིག་སྤུ་མཛེས་ཆ་སོགས་དང་ཡ་བྲལ་གཏོང་རྒྱུ་ནི་ཐག་གཅོད་ཆེན་པོ་ཞིག་རེད་གསུངས་ཞོར་ད་རེས་གཞོན་སྐྱེས་མང་པོ་ཞིག་ལ་སེམས་འགུལ་ཐེབས་ནས་ནང་ཆོས་ལ་དོ་དབྱིངས་སླེབས་པའི་རེ་བ་ཞུ་བཞིན་ཡོད་པ་གསུངས་བྱུང་།

Gagan Malik1.jpg
དེ་སྔ་ཕྱི་ལོ་༢༠༡༣་ལོར་ཁོང་གིས་འཁྲབ་པའི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་མང་ཚོགས་ལ་ཐོག་མར་མ་བསྟན་སྔོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུས་ཡོད་པ་དང་། དེའི་ཐད་ཁོང་གིས་གསུངས་ན། སྐབས་དེར་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་ཁྱེད་ལ་གང་གནང་དགོས་ཞེས་བཀའ་ཕེབས་སྐབས། ངོས་ནས་༧གོང་ས་མཆོག་ལ་ཐེངས་གཅིག་ངོས་ཀྱི་འཁྲབ་པའི་གློག་བརྙན་དེ་གཟིགས་རྒྱུའི་སྐྱབས་འཇུག་ཞུས་པ་བཞིན། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་༧གོང་ས་མཆོག་དབུ་བཞུགས་ཐོག་དགེ་འདུན་པ་ཁྲི་གཉིས་ཙམ་ཞིག་ནས་གློག་བརྙན་དེ་གཟིགས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ནས་བྱིན་རླབས་ཡང་བསྩལ་བྱུང་ཅེས་དང་། སྟོན་པའི་མཛད་རྣམ་གྱི་གློག་བརྙན་འཁྲབ་པའི་རྗེས་ཁོང་གི་མི་ཚེའི་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་མ་ཟད། ནང་སེམས་ཀྱི་སྤྱོད་ལམ་ལ་ཡང་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༤་ལོར་ཁོང་ཧིན་རྡུའི་ཆོས་ལུགས་ནས་ནང་པའི་ཆོས་ལུགས་སུ་འགྱུར་ཡོད་པ་གསུངས་བྱུང་།
ཁོང་དང་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་གློག་བརྙན་བཟོ་བསྐྲུན་པ་སྐུ་ཞབས་ན་ཝིན་གྷོ་ནི་ར་ཊ་ནེ་རྣམ་གཉིས་ནས། ནང་པ་སངས་རྒྱས་པའི་གཞི་རྩའི་ལྟ་གྲུབ་གཞིར་བཞག་ཐོག་(Lotus World)་འམ་པདྨའི་འཛམ་གླིང་ཞེས་པའི་ལས་འཆར་ཞིག་འགོ་འཛུགས་གནང་ཡོད་པ་དང་། དེ་ཡང་གཙོ་བོ་སྒྲ་བརྙན་གྱི་ཐོག་ནས་འཛམ་གླིང་ཁྱོན་ཡོངས་སུ་ནང་ཆོས་དར་རྒྱས་ཡོང་ཐབས་དང་འགྲོ་བ་མིའི་རིགས་ཡོངས་ལ་ཞབས་འདེགས་ཞུ་རྒྱའི་ཆེད་དུ་ཡིན་པ་རེད་འདུག
ཁོང་གིས་འཁྲབ་པའི་གློག་བརྙན་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་(Sri Siddhartha Gautama)་ཞེས་པ་དེ། ནང་པའི་ཡུལ་གྲུ་མང་པོའི་སྐད་རིགས་འདྲ་མིན་ནང་བསྒྱུར་ནས་དགའ་བསུ་ཐོབ་ཡོད།
འཁྲབ་སྟོན་པ་ཁོང་གི་མི་ཚེའི་ནང་གི་མིག་དཔེ་ལྟ་ཡུལ་གྱི་གང་ཟག་གཙོ་བོ་ནི། རྒྱ་གར་ནང་ནང་ཆོས་བསྐྱར་གསོ་གནང་མཁན་སྐུ་ཞབས་(Dr. BR Ambedker)་སྦི་ར་ཨེམ་བྷེཊ་ཀར་མཆོག་དང་། འཛམ་གླིང་ནང་ནང་ཆོས་དར་སྤེལ་གནང་མཁན་(Ashoka)་ཆོས་རྒྱལ་མྱ་ངན་མེད་གཉིས་ཡིན་འདུག
གློག་བརྙན་འཁྲབ་སྟོན་པ་གྷ་གྷན་མ་ལིཀ་ལགས་ཕྱི་ལོ་༡༩༧༦་ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཧིན་རྡུའི་ཆོས་ལུགས་ཀྱི་ནང་མི་ཞིག་དུ་སྐྱེས་ནས་ཁུལ་དེར་འཚར་ལོངས་བྱུང་བ་དང་། གཞི་རིམ་སློབ་སྦྱོང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧན་ས་ར་ཇ་སློབ་གྲྭ་དང་། དེའི་རྗེས་གློག་བརྙན་འཁྲབ་སྟོན་ཀྱི་ཆེད་ལས་ཐོག་སློབ་སྦྱོང་གནང་ནས་གློག་བརྙན་འཁྲབ་སྟོན་གྱི་ལམ་ནས་མི་ཚེ་སྐྱེལ་བཞིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎