ཇར་མན་གྱི་སྲིད་བློན་རྒྱ་ནག་ནང་འཚམས་གཟིགས་ཕེབས་པར་སྐྱོན་བརྗོད་ཡོང་བཞིན་འདུག

ཇར་མན་གྱི་སྲིད་བློན་རྒྱ་ནག་ནང་འཚམས་གཟིགས་ཕེབས་པར་སྐྱོན་བརྗོད་ཡོང་བཞིན་པ་དང་ཁོང་གིས་འཚམས་གཟིགས་སྐབས་ཤིན་ཅང་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་ཡོད་འདུག
ཇར་མན་(Germany)་གྱི་སྲིད་བློན་(Olaf Scholz)་འདི་ཚེས་༤གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྐྱོད་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཇལ་འཕྲད་གནང་ཡོད་པ་དང་། ཁོང་གི་དུས་ཡུན་ཉིན་གཅིག་གི་འཚམས་གཟིགས་དེའི་སྐབས། ར་ཤེ་ཡས་ཡུཀ་རེན་(Ukraine)་ནང་བཙན་འཛུལ་བྱེད་བཞིན་པའི་གནད་དོན་ཐད་རྒྱ་ནག་གཞུང་ཁ་ཁུ་སིམ་པོར་བསྡད་ཡོད་པའི་གནད་དོན་དང་། དཔལ་འབྱོར་འབྲེལ་ལམ་གྱི་ལྟ་གྲུབ་ལངས་ཕྱོགས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལངས་ཕྱོགས་འཛིན་སྟངས་བཅས་ཀྱི་ཐོག་ནས་འགལ་ཟླ་ཡོད་པའི་ཐད་སྐྱོན་བརྗོད་བྱས་ཡོད་པ་རེད།
ཁོང་གིས་གལ་སྲིད་རྒྱ་ནག་ལ་འགྱུར་བ་ཕྱིན་པ་ཡིན་ན། ང་ཚོས་རྒྱ་ནག་དང་འབྲེལ་ལམ་ཐད་ནས་ཡང་འགྱུར་བ་གཏོང་རྒྱུ་ཡིན་པ་གསལ་པོ་རེད་ཅེས་བརྗོད་པའི་ཁར། ང་ཚོས་སྤྱང་གྲུང་ལྡན་ཞིང་། སྣ་ཚོགས་འདུ་ཤེས་འཛིན་པའི་རང་བཞིན་གྱི་ཐོག་ནས་ཕྱོགས་རྐྱང་པའི་རྒྱབ་རྟེན་བྱེད་བཞིན་པ་དེ་ཉུང་འཕྲི་བྱེད་རྒྱུ་ཡིན་ཞེས་བརྗོད་པ་སྦྲགས། རྒྱ་ནག་ལ་དཀའ་རྙོག་ཅན་གྱི་གནད་དོན་དཔེར་ན། ཨ་རི་དང་རྒྱལ་ཁབ་གཞན་ཚོས་རྒྱ་ནག་གིས་མི་རིགས་རྩ་མེད་ཀྱི་སྲིད་བྱུས་སྤེལ་བཞིན་པ་ངོས་འཛིན་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཡིན་པའི་མི་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་པ། ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལྟ་བུ་གླེང་སློང་མུ་མཐུད་དུ་གནང་རྒྱུ་ཡིན་པ་བརྗོད་ཡོད་ནའང་། བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་ཡོད་མེད་གནས་ཚུལ་གསལ་པོ་ཐོན་མེད་པ་རེད།
སྲིད་བློན་(Scholz)་ནི་ཁོང་གི་སྤྱི་མང་ཚོགས་པ་དང་། ལྗང་ཁུ་ཚོགས་པ། དེ་བཞིན་རང་དབང་མང་གཙོ་ཚོགས་པ་གསུམ་ཀྱི་གནའ་འབྲེལ་རྒྱབ་སྐྱོར་ལ་བརྟེན་ནས་གཞུང་འཛིན་བྱེད་བཞིན་པ་ཞིག་ཡིན་ཞིང་། ཁོང་ད་རེས་རྒྱ་ནག་ཏུ་བསྐྱོད་པ་འདི་ལོ་༦༩ཡིན་པའི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིན་ཟླ་སྔོན་མར་འཚོགས་པའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ནང་བསྐྱར་དུ་སྲིད་འཛིན་དུས་ཡུན་གསུམ་པར་བསྡད་རྗེས། ཅུང་མ་འགོར་བར་རྒྱ་ནག་དུ་བསྐྱོད་ནས་ཞི་ཅིན་ཕིན་དང་མཇལ་བ་ནི་ཁོང་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་པ་དེ་ལ་་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་པ་རེད།
ཇར་མན་གྱི་སྲིད་བློན་(Olaf Scolz)་རྒྱ་ནག་ཏུ་བསྐྱོད་རྒྱུའི་སྔ་རོལ་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་སྲིད་བློན་ལ་ཞུ་སྙན་ཕུལ་ནས། ད་རེས་རྒྱ་ནག་ཏུ་ཕེབས་རྒྱུའི་ཐག་གཅོད་དེ་ནོར་བ་ཞིག་ཡིན་པའི་སྐྱོན་བརྗོད་དང་། གལ་སྲིད་རྒྱ་ནག་ཏུ་ཕེབས་པ་ཡིན་ཚེ། བོད་ཀྱི་གནད་དོན་སྐོར་རྒྱ་ནག་གི་འགོ་ཁྲིད་ཚོ་དང་གླེང་སློང་ངེས་པར་གནང་རོགས་ཞེས་ཞུས་ཡོད་པའི་ཁར། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་དང་། ཧོང་ཀོང་ནང་གི་རང་དབང་རྩ་མེད་བཟོ་བཞིན་པ་སོགས་ཀྱི་གནད་དོན་ཐད་ངེས་པར་གླེང་སློང་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་ཡོད་པ་རེད།
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།