རོང་བོ་དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་གིས་ལོ་གསུམ་ཕྱིན་རྗེས་སུ་ཁོང་གི་ནང་མི་ཚོར་ད་དུང་ཁོང་གང་དུ་ཡོད་བརྡ་ལན་ཙམ་ཡང་སྤྲད་མི་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༢ ཉིན། བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་སྨྱུག་མིང་ལ་ལྷམ་ཀོག་ལགས། རྒྱུ་མཚན་སོགས་གསལ་ཁ་གང་ཡང་མེད་པར་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཏེ། ད་ལྟའི་ཆར་ལོ་གསུམ་དང་ཟླ་གསུམ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ཁོང་གི་ནང་མི་ཚོར་ད་དུང་ཁོང་ལ་ཁྲིམས་ཐག་བཅད་ཡོད་མེད་དང་། ས་གནས་གང་དུ་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གང་ཡང་བྱེད་ཀྱི་མེད་སྐོར། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་ནང་མི་ཉེ་འབྲེལ་ཚོས་ད་ལྟའི་ཆར་མུ་མཐུད་རེབ་གོང་རྫོང་གི་འབྲེལ་ཡོད་མགོ་ཁྲིད་སོགས་ལ། ཁོང་གང་དུ་ཡོད་དང་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་སྟངས་ཐད་ཞུ་སྐུལ་བྱེད་བཞིན་ཡོད་ཀྱང་། ཞིབ་ཕྲ་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་མ་ཟད་ཁོང་ལ་ཁྲིམས་ཐག་བཅད་ཡོད་ན་ཁྲིམས་ཀྱི་འགྲོ་རིམ་བཞིན་ཁྲིམས་ཐག་བཅད་པའི་བརྡ་ལན་དང་ཡིག་ཆ་སོགས་སྤྲོད་དགོས་རིགས་ཐད་ཡ་ལན་གང་ཡང་བྱེད་ཀྱི་མེད་པ་དང་། ད་ལྟའི་ཆར་ཁོང་ལ་ཅ་དངོས་སྐུར་དགོས་ན་རེབ་གོང་ནས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཤིག་ཏུ་བཞག་པ་ཡིན་ན། དགེ་འདུན་ལྷུབ་འགྲུབ་ལགས་སུ་སྤྲོད་ཀྱི་ཡོད་སྐོར་བརྗོད་པ་ལས་གཞན་ཁོང་འཆི་གསོན་གང་ཡིན་གསལ་ཁ་མེད་པ་ལྟ་བུ་ཆགས་ཡོད་སྐོར་བརྗོད་བྱུང་།
དེ་སྔ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་རྗེས་འབྲེལ་ཡོད་ནས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁོང་འཛིན་བཟུང་བྱས་དོན་ཡུལ་དེའི་ཤེས་ཡོན་པ་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་ཞེས་པའི་ཟབ་སྦྱོང་ཞིག་སྤྲོད་སྐབས། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནས་ནང་བསྟན་རྒྱ་སྒྱུར་ཞེས་ན་ག་འདྲ་ཞིག་ལ་གོ་དགོས་རེད་ཅེས། ཟབ་སྦྱོང་སྤྲོད་མཁན་ཚོར་ཕར་དྲི་བ་དྲིས་རྐྱེན་ཡིན་སྐོར་བརྗོད་པ་ལས། ད་བར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་ཆགས་ཡོད་པ་རེད་ལ། དེ་སྔ་ཁོང་ལ་ལོ་ངོ་བཞིའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཚོར་ཁྲིམས་ཐག་བཅད་མིན་དང་ས་གནས་གང་དུ་ཉར་ཡོད་སོགས་ཞིབ་ཕྲ་གསལ་བཤད་གང་ཡང་མེད་པར་ལོ་ངོ་གསུམ་འགྲོ་བཞིན་ཡོད་འདུག
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་ ༡༩༧༤ ལོར་རེབ་གོང་མདོ་བ་ཁྱི་རྔ་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་གྲྭ་པ་བྱས་ཏེ་རེབ་གོང་དར་ཞིང་དགོན་དུ་ཞུགས་ཤིང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་ཀྱིས་སློབ་གཉེར་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ལོ་ནས་སྙན་ངག་གསར་རྩོམ་ལ་ཞུགས་ཏེ་རྐང་གླིང་སྐྱ་བོ་དང་ལྷ་ཆེན་པོའི་སྙན་ངག ཕྲེང་བ་ནག་པོ། མི་ཚེའི་དབྱངས་རྟ། གླེགས་བམ་དཀར་བོ་སོགས་བརྩམས་ཆོས་དེབ་ཁག་ཅིག་སྤྱི་ཚོགས་ཁྲོད་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་ཀྱི་ཤེས་ཡོན་པའི་སྡེ་ནས་ཁོང་གི་སྙན་ངག་དང་རྩོམ་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།