དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཐེ་ཝན་དུ་ཐུགས་དམ་གྲོལ་པ།
2020.08.17
ཐེ་ཝན་དུ་དགོངས་པ་རྫོགས་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཉིན་གྲངས་༢༨་རྗེས་ཐུགས་དམ་གྲོལ་ཡོད་པ་དང་། ཐེ་ཝན་གྱི་ཚན་རིག་པས་ཐུགས་དམ་ལ་བཞུགས་རིང་ཐེངས་གསུམ་ཞིབ་འཇུག་བརྟག་དཔྱད་ཞུས་ཡོད་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཐེ་ཝན་དུ་ཟླ་༧་ཚེས་༡༤་ཉིན་དགོངས་པ་རྫོགས་པའི་རྗེས་ཉིན་གྲངས་༢༨་རིང་ཐུགས་དམ་ལ་བཞུགས་ཡོད། དེའི་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཐེ་ཝན་གྱི་ཚན་རིག་པ་ཁག་གཅིག་གིས་ཞིབ་འཇུག་བརྟག་དཔྱད་ཞུས་འདུག་ཅིང་། དེའི་ཁོངས་སུ་ཐེ་ཝན་དབུས་ཞིབ་འཇུག་ཁང་གི་ཚན་རིག་པ་ཁག་ཅིག་གིས་ཟླ་༧ཚེས་༢༤ཉིན་དགེ་བཤེས་ལགས་ཐུགས་དམ་ལ་བཞུགས་རིང་བརྟག་དཔྱད་གནང་སྐབས་ཁྲག་ནང་གི་རླུང་གི་ནུས་ཚད་༨༦་ལ་སླེབས་ཡོད་པ་དང་། ཤ་པགས་ལ་ལྡེམ་ཤུགས་ལྡན་པ། སྐུ་ཕུང་རུལ་པའམ་གཞིགས་པའི་རྣམ་པ་མེད་པ་སོགས་སྤྱིར་བཏང་མི་ཞིག་གི་འདས་གྲོངས་སུ་གྱུར་རྗེས་མ་བྱུང་བའི་རྣམ་པ་དམིགས་བསལ་ཞིག་ཡོད་པ་ཚན་རིག་པས་འགྲེལ་བརྗོད་གནང་འདུག ཡང་ཟླ་༧་ཚེས་༢༨་ཉིན་དང་ཟླ་༨་ཚེས་༡་ཉིན་ཐེ་ཝན་གཙུག་ལག་སློབ་གྲྭའི་སེམས་ཁམས་རིག་པའི་ཚན་རིག་པས་དངོས་སུ་བརྟག་དཔྱད་གནང་པ་བརྒྱུད་དབང་རྩ་འགུལ་བཞིན་ཡོད་པ་མ་ཟད། ད་དུང་ཕྱི་ལ་སྒྲ་ཐོན་པའི་སྐབས་རྩའི་ཕར་ཚད་ལ་འགྱུར་བ་འགྲོ་ཡི་ཡོད་པ། འཛུབ་མོར་གློག་གི་བརྟག་དཔྱད་བྱས་སྐབས་མི་གསོན་པོ་དང་ཐག་ཉེ་བའི་འགུལ་སྐྱོད་ཀྱི་གྲངས་ཚད་ལྡན་པ་སོགས་ཡོད་པ་ཡང་ཚན་རིག་པ་དེ་དག་གི་འགྲེལ་བརྗོད་བྱས་འདུག འོན་ཀྱང་ཚན་རིག་པ་ཚོས་དགེ་བཤེས་ལགས་ཐུགས་དམ་དུ་ཡོད་སྐབས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་གྲུབ་ཐོ་ཞིག་ད་བར་བཏོན་མེད་པ་རེད་འདུག
ཐེ་ཝན་ནང་ཟླ་བ་བདུན་པ་དང་བརྒྱད་པ་ནི་ཚ་བ་ཆེ་ཤོས་ཀྱི་ནམ་དུས་ཤིག་ཡིན་པས་ད་རེས་ཉིན་གྲངས་༢༨་རིང་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཐུགས་དམ་ལ་བཞུགས་པ་དེར་ཚན་རིག་པ་ཚོས་ཡ་མཚན་དང་། དེ་སྔ་༢༠༡༨་ལོར་ཐེ་ཝན་དང་རྒྱ་རིགས་ཀྱི་ཚན་རིག་པ་ཁག་ཅིག་ཆེད་མངགས་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་དུ་ཕེབས་མཁན་ཐའེ་ཝན་དབུས་ཞིབ་འཇུག་ཁང་གི་ཚན་རིག་པ་ཚོས་དེ་སྔའི་བགྲོ་གླེང་ཐོག་༧གོང་ས་མཆོག་གིས་གསུངས་པའི་ཐུགས་དམ་གྱི་རྣམ་པ་འདི་ད་རེས་དངོས་སུ་གཟིགས་ཐུབ་པ་དང་ཞིབ་འཇུག་བརྟག་དཔྱད་ཞུ་རྒྱུའི་གོ་སྐབས་དེ་འདྲ་ཐོབ་པར་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་མཁན་ཡང་བྱུང་ཡོད་འདུག
ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་ལ་དད་པ་དང་སློབ་གཉེར་དོ་སྣང་ཞུ་མཁན་རྒྱ་ཆེན་པོ་ཡོད་པས། ད་རེས་ཐེ་ཝན་ནང་བོད་པའི་དགེ་བཤེས་ཤིག་ཉིན་གྲངས་མང་པོའི་རིང་ཐུགས་དམ་ལ་བཞུགས་མཁན་ཐོག་མ་འདི་ཆགས་ཡོད་པར་བརྟེན་དད་གུས་དང་ཡ་མཚན་གནང་མཁན་ཡང་མང་པོ་བྱུང་བཞིན་ཡོད་འདུག
དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དམ་པ་ཁོང་ནི་༡༩༩༧་ལོར་ཐེ་ཝན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གསར་བཙུགས་སྐབས། ༧གོང་ས་མཆོག་ནས་ནང་ཆོས་སློབ་ཁྲིད་གནང་མཁན་ལ་མངགས་གཏོང་གནང་པ་ཞིག་ཡིན་པ་དང་། དོན་གཅོད་ཁང་གི་ལས་ཡུན་གྲུབ་པའི་རྗེས་ཐེ་ཝན་དུ་མུ་མཐུད་དཔེ་ཁྲིད་གནང་པ་དང་དུས་མཚུངས་བྱེ་བྲག་བཤད་མཛོད་ཆེན་མོའི་ཕྱག་དཔེའི་ཞུ་དག་དང་ལྷག་འཕྲོད་ཕབ་བསྒྱུར་གྱི་ཕྱག་ལས་གནང་ཡོད། དགེ་བཤེས་ལགས་དམ་པ་ཁོང་ནི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་༡༩༥༩ལོ་ནས་ལོ་ངོ་ཉི་ཤུའི་རིང་རྒྱ་ནག་གི་ངལ་རྩལ་བསྒྱུར་བཀོད་རྭ་བ་ཟེར་བའི་ནང་བཙོན་བཅུག་བྱས་ཤིང་། ལོ་ངོ་༢༠འི་བཙོན་ཁང་ནང་བཞུགས་དགོས་བྱུང་བ་དང་། ༡༩༩༤ལོར་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཡོད་པ་རེད།