མི་ལོ་ཉེར་ལྔའི་རིང་རྒྱ་ནག་གིས་བཙོན་འཇུག་བྱས་མྱོང་བའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དགོངས་པ་རྫོགས་འདུག


2020.07.15
དགེ་བཤེས་བྱམས་པ་རྒྱ་མཚོ་ལགས། དགེ་བཤེས་བྱམས་པ་རྒྱ་མཚོ་ལགས།
སྒྲིག་བཟོ།

 

རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་༡༩༥༩ལོ་ནས་ལོ་ངོ་ཉི་ཤུའི་རིང་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་རྭ་བ་ཟེར་བའི་ནང་བཙོན་བཅུག་བྱས་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཐེ་ཝན་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འདུགདེ་ཡང་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན།    དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་སྤྱི་ཟླ་༧ཚེས་༡༤ཉིན་ཐེ་ཝན་དུ་དགོངས་པ་རྫོགས་པ་དང་།   འདི་ལོ་དགུང་གྲངས་༨༥ལ་ཕེབས་ཀྱི་ཡོད་འདུག  ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་དགེ་བཤེས་ལགས་དམ་པ་ཁོང་ཛ་དྲག་མྱུར་སྐྱོབ་སྨན་ཁང་དུ་ཡོད་སྐབས་དང་དགོངས་པ་རྫོགས་པའི་སྐབས་སོ་སོར་ཐད་ཀར་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཐུགས་སྨོན་སྐྱབས་འཇུག་སྙན་སེང་ཞུས་ཡོད་འདུག་པས།   ཐུགས་སྨོན་བཀའ་ལན་གྱི་ནང་ཁོང་ནི་མི་ཡག་པོ་ཞིག་ཡོད་པ་དང་ཐུགས་སྨོན་གནང་རྒྱུ་མ་ཟད།  སྒྲོལ་མའི་གཟུངས་སྔགས་འདོན་དགོས་པ་སོགས་བཀའ་ཕེབས་ཡོད་འདུག   དགེ་བཤེས་ལགས་དགོངས་པ་མ་རྫོགས་གོང་ཞལ་ཆེམས་ནང་མྱ་ངན་གྱི་འདུ་འཛོམས་རྒྱས་སྤྲོས་མི་དགོས་པ་དང་རྒྱུན་དུ་སློབ་ཁྲིད་གནང་སྐབས་གསུངས་པ་འདི་རྣམས་ནི་སློབ་མ་ཚོར་ཞལ་ཆེམས་ཡིན་པ་ངོ་སྤྲོད་གནང་འདུག ཁོང་ནི་ཐེ་ཝན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ཡོད་པའི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཐོག་མར་འགོ་བཙུགས་གནང་སྐབས་ཐེ་ཝན་དུ་ཆེད་གཏོང་གནང་པའི་ནང་ཆོས་སློབ་དཔོན་ཞིག་ཡིན་པ་དང་།    ༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དམར་པོའི་གཞུང་གིས་དྲག་གནོན་བྱས་སྐབས་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་ལོ་ངོ་ཉི་ཤུའི་རིང་ཚུད་ཅིང་། ཁོང་གིས་ཞིང་ལས་དང་།   ཕག་གསོ།   རྡོ་བཤག་ལ་སོགས་པའི་ལས་ཀ་གནང་དགོས་བྱུང་ཡོད་པ་རེད།  བོད་ལ་ཅུང་གུ་ཡངས་པའི་རྣམ་པ་ཐོན་རྗེས་བཙོན་གྲོལ་ཐོབ་སྟེ་ཁོང་གི་ཡོན་ཏན་ལ་ངོས་འཛིན་གྱིས་ལྷ་ས་ནོར་བུ་གླིང་ཁར་དཔེ་རྙིང་ཞིབ་འཇུག་ཚན་པའི་ནང་སེར་སྨད་དགེ་བཤེས་མཁས་དབང་རྒན་ཡེ་ཤེས་དབང་ཕྱུག་ལགས་ལ་སོགས་པའི་མཁས་པ་ཁག་ཅིག་དང་ལྷན་དུ་ཕོ་བྲང་པོ་ཏཱ་ལ་དང་ནོར་གླིང་ཕོ་བྲང་དུ་བོད་ཀྱི་ཕྱག་དཔེ་རྙིང་པ་ཁག་དབྱེ་བསྲེས་ཕྱོགས་སྒྲིག་དང་ཉམས་ཞིབ་སྲུང་སྐྱོབ་ཀྱི་ལས་དོན་ནང་ཞུགས་ཏེ་ལོ་ངོ་བཅོ་ལྔ་ཙམ་ཕྱག་ལས་གནང་ཡོད་འདུག དེ་བཞིན་ཁོང་གིས་ཤྭ་རིའི་བུ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་མཇུག་དགྲ་བཅོམ་པ་བདུན་གྱིས་མཛད་པར་བརྗོད་པའི་བྱེ་བྲག་བཤད་མཛོད་ཆེན་མོ་དེ་སྔོན་རྒྱ་རིགས་ལོ་ཙྭ་བ་བློ་བཟང་ཆོས་འཕགས་ཞུ་བས་ཕྱི་ལོ་ ༡༩༤༥ ནས་ ༡༩༤༩ བར་འགྱུར་འགོ་བརྩམ་པར་ཞིབ་དཔྱོད་དང་དེའི་ཁྲོད་ལྷག་དགེ་བཤེས་ལགས་བོད་དུ་བཞུགས་སྐབས་བོད་འགྱུར་གྱིས་ཕྱག་ལས་ཀྱང་གནང་འདུག  ༡༩༩༤ལོར་དགཤེས་བྱམས་པ་རྒྱ་མཚོ་ལགས་བཙན་བྱོལ་དུ་ཕེབས་པ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་རྗེས་༧རྒྱལ་བའི་བཀའ་བཞིན་བཞུགས་སྒར་དུ་ཕྱག་དཔེའི་དཀར་ཆག་ཕྱོགས་སྒྲིག་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཕྱག་དཔེ་དང་རིག་གནས་དགེ་རྒན་ལོ་གསུམ་ཙམ་གནང་ཡོད་ཅིང་།  ཁོང་ནི་བོད་ཀྱི་རིག་གནས་གང་གི་ཐད་མཁྱེན་རྒྱ་ཆེན་པོ་ཡོད་མཁན་ཞིག་དང་རྒྱ་སྐད་ཀྱང་མཁྱེན་གྱི་ཡོད་པར་བརྟེན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ནང་ཆོས་སློབ་དཔོན་དུ་ཆེད་གཏོང་གནང་ཞིང་། དེའི་ལས་ཡུན་གྲུབ་པའི་རྗེས་ཐེ་ཝན་དུ་མུ་མཐུད་དཔེ་ཁྲིད་གནང་འདུགདགེ་བཤེས་ལགས་དམ་པ་ཁོང་ཐེ་ཝན་ནང་བཞུགས་རིང་ཆོས་ཕྱོགས་ཀྱི་ལས་དོན་ཁག་གཉེར་གནང་པའི་ཐོག་ཐེ་ཝན་གྱི་སྤྱི་ཚོགས་ནང་བོད་དོན་ལས་འགུལ་སྤེལ་བ་ཁག་གི་ནང་རྒྱ་རིགས་སློབ་མ་དང་ལྷན་དུ་མཉམ་ཞུགས་གནང་མཁན་ཞིག་དང་བོད་ནང་འཕྲད་པའི་དཀའ་ངལ་རྒྱུན་དུ་ཐེ་ཝན་གྱི་མི་རབས་གསར་པར་ཚོར་ངོ་སྤྲོད་གནང་མཁན་ཞིག་ཀྱང་རེད་འདུག    དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དམ་པ་ཁོང་ལོ་བདུན་ནས་སེ་ར་དགོན་པའི་ནང་ཆོས་ཞུགས་གནང་འདུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རོགས་སྐྱོར་མ་དངུལ་མཚམས་འཇོག་བྱས་པར་བརྟེན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གི་ལས་དོན་རྣམས་མཚམས་འཇོག་བྱེད་སྲིད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎