དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ཀློད་གྲོལ་བཏང་སྟེ་ལོ་ཤས་འགྲོ་བཞིན་ཡོད་ཀྱང་ཁོང་གི་འཕྲོད་བསྟེན་གནས་སྟངས་ཉམ་ཞན་དང་རྐང་པ་གཉིས་ཞ་བོར་གྱུར་ཡོད་པ།

2022.01.31
Share on WhatsApp
Share on WhatsApp
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ཀློད་གྲོལ་བཏང་སྟེ་ལོ་ཤས་འགྲོ་བཞིན་ཡོད་ཀྱང་ཁོང་གི་འཕྲོད་བསྟེན་གནས་སྟངས་ཉམ་ཞན་དང་རྐང་པ་གཉིས་ཞ་བོར་གྱུར་ཡོད་པ། དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་བཙོན་ནས་ཀློད་གྲོལ་རྗེས་ཀྱི་པར། ཕྱི་ལོ་༢༠༡༨ལོ།
བོད་འབྱོར་།

འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༡༨ལོའི་ཟླ་༡ཚེས་༢༤ཙམ་ལ་རྒྱ་ནག་གི་བཙོན་འོག་ནས་ནད་པར་ཆགས་ནས་བཙོན་གྲོལ་བཏང་ཡོད་པའི་བྲག་འགོ་དགོན་པའི་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་སུ། བཙོན་ཁང་ནས་མནར་གཅོད་ཤུགས་ཆེར་བཏང་བས་ད་ལྟའི་ཆར་ཁོང་གི་རྐང་པ་གཉིས་ཀ་ཞ་ནས་མུ་མཐུད་སྨན་བཅོས་བྱེད་བཞིན་པ་མ་ཟད། དེ་མིན་ཁོང་གི་བཙོན་རོགས་དགོན་པའི་རྩིས་པ་དགྲ་ལྷ་དང་མཁན་པོ་བསྟན་དགའ་གཉིས་ལ་བཅར་བརྡུང་བྱས་རྐྱེན་གཟིགས་གཞི་བདེ་ཐང་མེད་པ་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་ཁོང་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱས་སྟབས། སྨན་བཅོས་དུས་ཐོག་བྱ་མི་ཐུབ་པ་དང་དགེ་འདུན་པ་དེ་དག་གི་འཚོ་བ་དང་སྨན་བཅོས་འགྲོ་གྲོན་ལའང་དཀའ་ཁག་འཕྲད་བཞིན་ཡོད་པ། བཙན་བྱོལ་དུ་ཡོད་པའི་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། རྗེས་སུ་ཤེས་རྟོགས་བྱུང་བར་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་རྒྱ་ནག་གཞུང་གིས་བཙོན་གྲོལ་གཏོང་སྐབས། ཁོང་ལ་ཆ་རྐྱེན་བཅུ་བཏོན་པའི་ནང་དུ་གཙོ་བོ་བྲག་མགོ་དགོན་པའི་ནང་དུ་བསྡད་མི་ཆོག་པ་དང་། ས་གནས་གཞན་ལ་འགྲོ་དུས་དང་འདུག་དུས་ངེས་པར་དུ་ཉེན་རྟོག་པར་ཡར་ཞུ་དགོས་པ། མི་མང་འདུ་འཛོམ་ནང་ཞུགས་མི་ཆོག་པ། ལག་འཁྱེར་ཁ་པར་བཟུང་མི་ཆོག་པ། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཅི་བཏང་གི་གནས་ཚུལ་ཕྱི་ཕྱོགས་ཀྱི་བོད་མིར་བཤད་མི་ཆོག་པ། ས་གནས་སྨན་ཁང་ལ་སྟོན་དུས་ཀྱང་ཉེན་རྟོག་པར་ཞུས་ནས་ཆོག་མཆན་ལེན་དགོས་པ་སོགས། ཁོང་གི་འགྲོ་འདུག་ལ་རང་དབང་རྩ་ནས་མེད་པར་མ་ཟད། བཙོན་རོགས་རྩིས་པ་དགྲ་ལྷ་ཡི་མིག་གིས་མི་མཐོང་བ་ཆགས་ཤིང་། མཁན་པོ་བསྟན་དགའ་ཡི་མགོ་ལ་རྨས་སྐྱོན་བཟོས་པའི་རྐྱེན་གྱིས་རྣ་བས་མི་གོ་བ་དང་། གཉིད་མི་ཁུག་པ་སོགས་གཟུགས་གཞིའི་གནས་སྟངས་བདེ་བོ་མེད་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ཕྱི་ལོ་༢༠༡༢ལོའི་ཟླ་༡ཚེས་༢༣སྟེ་རྒྱ་ནག་གི་དཔྱིད་གསར་དུས་སྟོན་གྱི་ཚེས་གཅིག་ཉིན་བྲག་མགོ་རུ་སེར་སྐྱ་མང་ཚོགས་ཀྱིས་ཞི་བའི་ཡར་ལངས་བྱས་སྐབས། རྒྱ་ནག་གཞུང་གིས་དྲག་དམག་གནོན་དང་འབྲེལ་ཁོང་དང་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ་བཅས་ལ་ཞི་རྒོལ་དོན་རྐྱེན་གྱི་སྣེ་ཁྲིད་པའི་ཉེས་མིང་གཡོག་ནས་འཛིན་བཟུང་བྱས་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་ནས། རྒྱ་ནག་གཞུང་གིས་བོད་མི་ཚོར་བཙོན་ཁང་ནས་མནར་གཅོད་ཤུགས་ཆེར་བཏང་སྟེ་ནད་གཅོང་བཟོ་བ་ད་ང། ཀློད་གྲོལ་རྗེས་སུ་མུ་མཐུད་འགྲོ་འདུག་རང་དབང་སོགས་ཀྱི་ཐད་དམ་དྲག་བྱེད་བཞིན་པ་དེ་དག། གཙོ་བོ་རྒྱ་ནག་གཞུང་གིས་གནས་ཚུལ་དེ་རིགས་ཐད་གོ་རྟོགས་ཡོད་མཁན་བོད་མི་ཚོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་སྐོར་བརྗོད་བྱུང་།  

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༢ལོའི་བྲག་འགོ་ཁུལ་གྱི་བོད་མི་ཚོའི་ཞི་བའི་ཡར་ལངས་སྐབས་མི་ཚོགས་ཁྲོད་གང་བྱུང་མེ་མདས་བརྒྱབ་ནས་ཡོན་ཏན་སོགས་བོད་མི་ཁག་ཅིག་དེ་གར་དམར་གསོད་བཏང་བ་མ་ཟད། མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། རྗེས་སུ་ཞི་རྒོལ་ཡར་ལངས་ཀྱི་ཉེས་པ་གཡོག་པའི་དགེ་བཤེས་ཚེ་དབང་རྣམ་རྒྱལ་དང་རྩིས་པ་དགྲ་ལྷ་ལ་བཅས་ལ་ལོ་༦རེ་དང་། དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་༥ཡི་ཁྲིམས་ཐག་བཅད་ཡོད་པ་སོགས། ཁྱོན་ལོ་དེར་བྲག་འགོ་རྫོང་ཁོངས་སུ་བོད་དོན་ལས་འགུལ་གྱི་ཉེས་མིང་འོག་བོད་མི་༣༦ཙམ་ལ་ཁྲིམས་ཐག་བཅད་ཡོད་པ་རེད་ལ། འདི་ལོ་བསྐྱར་དུ་ཡུལ་དེའི་ནང་སྟོན་པའི་སྐུ་བརྙན་དང་བྱམས་མགོན་སྐུ་བརྙན་གཏོར་བཤིག་སོགས་དང་འབྲེལ། ཡུལ་མི་མང་པོ་གང་བྱུང་འཛིན་བཟུང་བཀག་ཉར་དང་བཅར་བརྡུང་གཏོང་བ།ས་གནས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།

དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ༡༩༧༠ལོར་བྲག་མགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་བརྩོན་བྱས། ཕྱི་ལོ་༡༩༨༧ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་དབྱིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ཕྱི་ལོ་༡༩༩༤ལོར་རྡ་སའི་རིགས་ལམ་སློབ་གཉེར་ཁང་དུ་ཕེབས་ཏེ་རིས་མེད་ཆོས་བརྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཐོག་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་བཞེས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག། ཕྱི་ལོ༢༠༡༡ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེ་ཡི་ཐུགས་འགན་བཞེས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎