བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་བཀག་སྐྱིལ་འོག་ཡོད་པ།

2021.05.31
Share on WhatsApp
Share on WhatsApp
བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་བཀག་སྐྱིལ་འོག་ཡོད་པ། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་ནག་ཁྲིན་ཏུ་ནས་འཛིན་བཟུང་རྗེས་ག་པར་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཡིན་འང་འདི་ཚེས་༣༡ ཉིན་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་མི་སྣ་ཅིག་གི་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན་ད་ལྟའི་ཆར་སྒོ་ཤེས་རབ་རྒྱ་མཚོ་ལགས་བོད་ཀྱི་རྒྱལ་ས་ལྷ་སའི་བཀག་སྐྱིལ་ཁང་ཞིག་ཏུ་ཡོད་ཀྱང་། ལྷ་སའི་བཀག་སྐྱིལ་ཁང་གང་གི་ནང་དུ་ཡོད་མེད་སོགས་ད་དུང་ཤེས་རྟོགས་མེད་སྐོར་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད་ངོ་སྤྲོད་གནང་བར་ལྟར་ན། སྒོ་ཤེས་རབ་རྒྱ་མཚོ་ལགས་ལྷ་སར་ཁྲིད་ཡོད་པ་ཙམ་ལས་གནས་ཚུལ་ཞིབ་ཚགས་གང་ཡང་གོ་ཐོས་མེད་པ་དང་། ཁོང་དེ་སྔ་ཁྲིན་ཏུ་ནས་འཛིན་བཟུང་བྱེད་མཁན་དེ་དག་ལྷ་སའི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཡིན་འདུག་ལ། སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལྷ་སར་ཕ་མ་གཅིག་གི་སྲིང་མོ་གཉིས་ཡོད་པ་ཁོང་གཉིས་ཀྱི་སྒོ་ཤེས་རབ་རྒྱ་མཚོ་ལགས་ལྷ་སའི་བཀག་སྐྱིལ་ཁང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཚགས་ཤེས་རྟོགས་བྱུང་ཡོད་སྲིད་ཀྱང་། ཁོ་ཚོའི་དབར་ལ་འབྲེལ་མཐུད་སོགས་གང་ཡང་ཡོང་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ ལོ་དང་ ༢༠༠༨། ཕྱི་ལོ་ ༢༠༡༡ དང་ ༢༠༢༠ ལོ་སོགས་ཐེངས་བཞི་ལ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཐོག་མར་འཛིན་བཟུང་བྱེད་དགོས་དོན་ནི་ཁོང་གིས་ཀིརྟི་དགོན་གྱི་འདུ་ཁང་གི་མདུན་ངོས་སུ། ༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་དང་ཀིརྟི་བླ་མ་གསུམ་གྱི་སྐུ་པར་བཤམས་སྐབས་རྔ་བ་རྫོང་གི་ཉེན་རྟོག་པ་འོངས་ནས་༸གོང་ས་མཆོག་གི་སྐུ་པར་མར་ལེན་དགོས་པའི་བཀའ་བཏང་སྐབས། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ལེན་མི་ཐུབ་པའི་གནས་ལུགས་རྒྱུ་མཚན་བཤད་པའི་རྐྱེན་གྱིས་ཡིན་པ་དང་། རྗེས་སུ་ཐེངས་མང་ལ་ཉེས་འཛུགས་སོགས་གསལ་ཁ་མེད་པར་འཛིན་བཟུང་བྱས་ཡོད་ཀྱང་། བོད་མི་ཚོས་གནད་དོན་དེ་ནི་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གཙོ་བོ་བོད་ཀྱི་ཤེས་ཡོན་སློབ་གསོ་དང་། ནང་བསྟན་ཆོས་ལུགས། བོད་ཀྱི་རིག་གནས་དང་འབྲེལ་བའི་ཕྱག་ལས་གནང་བའི་རྐྱེན་གྱིས་ཡིན་པར་དྭོགས་གཞི་བྱེད་བཞིན་ཡོད་པ་རེད།

དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁག་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་གི་གནད་དོན་ཐད་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གང་བྱུང་འཛིན་བཟུང་མི་ཆོག་པའི་སྡེ་ཚན་བརྒྱུད་ཞུ་གཏུགས་བྱེད་བཞིན་ཡོད་པ་དང་། དང་པོ་ཞུ་གཏུགས་བྱེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་དེས་ངོས་ལེན་བྱ་དགོས་པ་དང་། ང་ཚོའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་དེར་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་བ་ལྟར། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་ནང་མིའི་ངོས་ལེན་ཡོད་པའི་ཆོག་མཆན་ས་རྟགས་དགོས་པའི་ལན་འབྱོར་བ་བཞིན། དེ་དག་ཚང་མ་ཕུལ་ནས་ཞུ་གཏུགས་ཀྱི་ལས་རིམ་བྱས་ཟིན་ཡོད་ན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པའི་ངོས་ནས་དེ་སྔ་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ཡོད་མེད་སོགས་ཀྱི་ལན་སོགས་འབྱོར་མེད་སྐོར་བརྗོད་བྱུང་། 

སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་ཨ་ཕ་ཁཱ་ཤུལ་སྒོ་སྔུན་བརྩོན་འགྲུས་ལགས་ནི་དེ་སྔ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན། ཧུང་ཁྲན་རྩ་འཛུགས་ཚོགས་པ་ཞེས་པའི་ཁྲོད་སྣེ་ཁྲིད་མཁན་གྲས་གཙོ་བོ་ཞིག་ཡིན་པ་དང་། རྗེས་སུ་ཁོང་ལོ་མང་རིང་ཡར་མར་བྲོས་བྱོལ་དུ་ཕྱིན་ནས་སྡོད་དགོས་བྱུང་ཡོད་ན་ཡང་། ཕྱི་ལོ་༡༩༩༠ ཡས་མས་ཤིག་ནས་ལྷ་ས་དང་བལ་ཡུལ་སོགས་སུ་ཚོང་ལས་གཉེར་ནས་བལ་ཡུལ་དུ་གནས་སྡོད་བྱས་མྱོང་ཡོད་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎