ཨ་རིའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་སུ་བོད་མི་ཚོས་ཐུགས་རྗེ་ལེགས་འབུལ་ཞུ་གཏན་འཁེལ་འདུག
ཨ་མི་རི་ཀའི་ཤར་ཕྱོགས་(Massachussetts)་མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པས་ཨ་རིའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་སུ་དེ་སྔ་ལོ་༨༢༡་ལོར་བོད་རྒྱ་གཉིས་བར་བཞག་པའི་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ལ་སྐྱིད་ཅེས་འཁོད་པའི་ཆིངས་ཡིག་གི་ནང་དོན་འཁོད་པའི་རྡོ་རིང་གི་འདྲ་གཟུགས་དངུལ་ལས་གྲུབ་པ་ཞིག་འབུལ་ལམ་ཞུས་ནས། ཁོང་གིས་བོད་དོན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུ་གཏན་འཁེལ་འདུག
དེའི་ཐད་ཨ་རིའི་(Massachusetts)་མངའ་སྡེའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཟླ་༩་ཚེས་༢༣་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། འདི་ཟླའི་ཚེས་༢༨་སྟེ་རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་(Hadley)་ནང་གི་(Holy Redeemer)་ཞེས་པའི་ཡེ་ཤུའི་ལྷ་ཁང་ནང་དམིགས་བསལ་གྱི་མཛད་སྒོ་ཞིག་འཚོགས་གནང་སྟེ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་(Jim McGovern)་ལགས་སུ་དེ་སྔ་ཕྱི་ལོ་༨༢༡་ལོ་ལ་བོད་རྒྱ་གཉིས་བར་བཞག་པའི་ཆིངས་ཡིག་ཐོག་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་བ་དབྱིན་ཡིག་ཐོག་ཕབ་བསྒྱུར་ཞུས་ནས་རྡོ་རིང་གི་འདྲ་གཟུགས་དངུལ་ལས་གྲུབ་པ་ཞིག་འབུལ་ལམ་ཞུ་རྒྱུ་དང་། རྡོ་རིང་གི་འདྲ་གཟུགས་དེ་ཡིས་རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་རང་བཙན་ལྡན་པའི་གནས་བབས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་དུང་བོད་ལ་རང་བཙན་གཙང་མའི་བདག་དབང་ཡོད་པ་ནན་བརྗོད་གནང་གི་ཡོད་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་སུ་ཐུགས་རྗེ་ཆེ་ཞུའི་གོང་ཞུས་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་དེས། ཁོང་གིས་བོད་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག དེ་བཞིན་བོད་མི་མང་ལ་ཆོད་སེམས་བརྟན་པོའི་ཐོག་ནས་རྒྱབ་སྐྱོར་གནང་མུས་ཡིན་པ་མཚོན་གྱི་ཡོད་སྐོར་སོགས་(Massachusetts)་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་ཀུན་བཟང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་གོང་ཞུས་གསལ་བསྒྲགས་དེའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་(Jim McGovern)་ལགས་ནི། བོད་དོན་ལ་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས། འདས་པའི་ལོ་༡༥་ལྷག་རིང་བོད་མི་མང་གི་ཐོབ་ཐང་དང་། འཛམ་གླིང་ཡོངས་ནས་བོད་ངོས་འཛིན་ཡོང་ཐབས་ཐད་རྒྱབ་སྐྱོར་གང་མང་གནང་བ་མ་ཟད། ཉེ་དུས་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་ནས་ཨ་རིའི་ཁྲིམས་གཞིར་གཏན་འབེབས་གནང་བའི་ཕྱི་ལོ་༢༠༢༤་ལོའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ཅེས་ཡོངས་སུ་གྲགས་པ་དེ་ཡང་ཐོག་མར་ཇིམ་མེཀ་གྷོ་ཝན་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་དང་ཁྱབ་སྤེལ་གནང་ཡོད་པ་དང་། ཁྲིམས་ཡིག་དེ་ཡིས་གཙོ་བོ་ནི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་༧མགོན་པོ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་རྒྱ་ནག་གཞུང་གིས་འབྲེལ་མོལ་ཞུས་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་དང་། ཡང་ཁྲིམས་ཡིག་དེས་རྒྱ་ནག་གཞུང་གིས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ལུགས་སོགས་འཁྱོག་བཤད་བྱེད་བཞིན་པ་ཁག་ལ་ཁ་གཏད་གདོང་ལེན་ཡང་བྱེད་ཀྱི་ཡོད་སྐོར་སོགས་ཀྱང་བཀོད་གནང་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེཌ་གྷོ་ཝན་ལགས་སུ་གཟེངས་རྟགས་འབུལ་ཞུས་པའི་མཛད་སྒོ་དེ་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ཁང་(Tibet TV)་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་མ་ཟད། (Easthampton Media) དེ་བཞིན་(Hadley Media)་སོགས་གསར་ལམ་ཁག་ནས་ཀྱང་རྒྱང་སྲིང་ཞུས་ཏེ་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་དེར་མཉམ་ཞུགས་གནང་ཆོག་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་གསལ་འདུག
ཉེ་ལམ་ཟླ་༧ ཚེས་༣༡ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་དང་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་ཀྱིས་རྒྱ་ནག་རྒྱལ་ཁབ་ཀྱི་ལས་དོན་ལ་ཐེ་ཇུས་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ཁོང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བཀའ་མོལ་དང་བྱ་སྤྱོད་སྤེལ་ཚུལ་སྐྱོན་བརྗོད་དང་མཉམ་ཁོང་གི་དཔལ་འབྱོར་རྒྱུ་དངོས་ཡོངས་རྒྱ་ནག་ནང་བཀག་སྡོམ་བྱེད་རྒྱུ་དང་། རྒྱ་ནག་ནང་དུ་དངུལ་གཏོང་ལེན་བཀག་སྡོམ་བྱེད་རྒྱུའི་དཔལ་འབྱོར་གྱི་ཉེས་ཆད་བཀལ་འདུག་ལ། ཕྱི་ཟླ་༧ ཚེས་༣༡ ནས་ལག་བསྟར་བྱེད་རྒྱུའི་ཉེས་ཆད་ནང་ད་དུང་ཁོང་དང་ཁོང་གི་ནང་མི་ཚོ་རྒྱ་ནག་ལ་ཡོང་རྒྱུའི་ཐོངས་མཆན་(Visa)སྤྲོད་རྒྱུ་མིན་པར་བཀག་སྡོམ་བྱེད་རྒྱུ་ཡིན་པ་བསྒྲགས་ཡོད་པ་དང་། དེའི་ཐད་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་ཀྱིས། ངས་ཉེས་ཆད་འདི་སྤོབས་པ་ཆེན་པོའི་ངང་ཆེ་བསྟོད་ཀྱི་དཔུང་རྟགས་ཅིག་ལ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།