རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུས་བོད་ནང་གི་མདོ་སྟོད་ཁུལ་གྱི་ས་གནས་ཁག་ཅིག་ཏུ་ལྟ་སྐོར་དང་འབྲེལ་མཇལ་ཁར་འགྲོ་མཁན་ཚོར་རྒྱ་སྒོར་བརྒྱ་རེ་སྤྲོད་རྒྱུ་ཡིན་པ་བརྗོད་ཡོད་འདུག

2023.06.06
རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུས་བོད་ནང་གི་མདོ་སྟོད་ཁུལ་གྱི་ས་གནས་ཁག་ཅིག་ཏུ་ལྟ་སྐོར་དང་འབྲེལ་མཇལ་ཁར་འགྲོ་མཁན་ཚོར་རྒྱ་སྒོར་བརྒྱ་རེ་སྤྲོད་རྒྱུ་ཡིན་པ་བརྗོད་ཡོད་འདུག རྒྱ་མཚན་ནོར་བུས་བོད་ནང་གི་མདོ་སྟོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ལྟ་སྐོར་དང་འབྲེལ་འབའ་ཐང་གི་མཚོ་སྤུན་གཉིས་སྤྱི་གླིང་ནས་བླངས་པའི་པར་རིས།
China Social Media

ཕྱི་ཟླ་༥པའི་ཟླ་མཇུག་དང་ཕྱི་ཟླ་༦ཚེས་མགོར་རྒྱ་ནག་གཞུང་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པ་རྒྱལ་མཚན་ནོར་བུས།བོད་ནང་གི་མདོ་སྟོད་ཁུལ་གྱི་རྒྱལ་ཐང་དང་། ལི་ཐང་། འབའ་ཐང་། སྨར་ཁམས། འདབ་པ་རྫོང་བཅས་སུ་ལྟ་སྐོར་དང་། རྒྱལ་ཐང་སུམ་རྩེན་དགོན་དང་ལི་ཐང་དགོན་ཆེན་བཅས་སུ་ཕྱིན་ཡོད་པ་དང་། རྒྱལ་ཐང་དུ་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ས་གནས་མི་མང་ལ་རྒྱལ་མཚན་ནོར་བུར་མཇལ་ཁར་འགྲོ་མཁན་ཚོས་ཐོ་འགོད་བྱས་པ་ཡིན་ན་རྒྱ་སྒོར་བརྒྱ་རེ་སྤྲོད་རྒྱུ་ཡིན་པ་བརྗོད་ཡོད་པ་དང་། ལི་ཐང་དང་འབའ་ཐང་དུ་ལྟ་སྐོར་སྐབས་ས་གནས་དགོན་པ་ཁག་གི་བླ་ཆེན་རྣམས་ཆེད་འགུག་གིས། རྒྱལ་མཚན་ནོར་བུའི་ལྟ་སྐོར་དེ་གཞི་རྒྱ་ཆེན་པོ་སྟོན་ཐབས་བྱས་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་རྒྱ་མཚན་ནོར་བུ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་བོད་ཀྱི་ས་གནས་ཁག་ཏུ་ལྟ་སྐོར་ལ་ཕྱིན་པ་ཐེངས་གསུམ་པ་དེ་ཆགས་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༧་ནང་མདོ་སྟོད་སྨད་གཉིས་ཀྱི་ས་གནས་ཁག་ཅིག་ཏུ་ཕྱིན་སྐབས། རྒྱ་ནག་གཞུང་གིས་ས་གནས་མི་མང་ལ་བཙན་ཐབས་ཀྱིས་རྒྱལ་མཚན་ནོར་བུར་མཇལ་ཁར་བཅར་དགོས་པ་དང་། རྒྱལ་མཚན་ནོར་བུ་འགྲོ་སྐྱོད་བྱེད་ཡུལ་དུ་གང་བྱུང་འགྲོ་མི་ཆོག་པ་སོགས་ཀྱི་དམ་དྲགས་ཤུགས་ཆེན་བྱས་ཡོད་པ་རེད། བོད་ནང་གི་འབྲེལ་ཡོད་ནས་རྒྱལ་མཚན་ནོར་བུས་གློ་བུར་ས་གནས་དེ་དག་ཏུ་ལྟ་སྐོར་བྱེད་དགོས་པའི་དམིགས་ཡུལ་ཤེས་རྟོགས་བྱུང་མ་སོང་ལ། ལི་ཐང་རྫོང་དུ་རྒྱལ་མཚན་ནོར་བུར་མ་བསླེབས་སྔོན་ཚུད་ནས་གྲ་སྒྲིག་བྱེད་བཅུག་ཡོད་པ་དང་། ཐེངས་འདིར་མི་མང་གི་འགྲོ་འདུག་ཐད་མངོན་གསལ་དོད་པོས་དམ་དྲགས་དེ་ཙམ་བྱས་མེད་པ་དང་། འབའ་ཐང་དང་ལི་ཐང་ས་གནས་སུ་མཇལ་ཁར་འགྲོ་མཁན་མི་ཉུང་བ་ཞིག་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

ཡང་དེ་འབྲེལ་རྒྱ་ནག་གཞུང་འབྲེལ་ཀྲུང་གོ་བོད་ཀྱི་དྲ་རྒྱ་ཟེར་བའི་སྟེང་གནས་ཚུལ་སྤེལ་བའི་ནང་། རྒྱལ་མཚན་ནོར་བུས་དཀར་མཛེས་ཁུལ་དུ་ལྟ་སྐོར་དང་འབྲེལ་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་མགོ་གཙོ་ཐན་ཞང་ལིས་དང་ཐུག་འཕྲད་ཀྱིས། བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ལྷག་པར་དུ་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ནས་བོད་འབྲེལ་ཁུལ་དང་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བཞིན་ཡོད་པ་སོགས་བརྗོད་ཡོད་པ་བཀོད་འདུག་ལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཐོག་ཉམས་ཞིབ་དང་ཐབས་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་(Namrata Hasija)ལགས་ནས། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་རྒྱལ་མཚན་ནོར་བུ་བེད་སྤྱོད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྒྱུར་ཐབས་དང་། བོད་མི་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ལ་ཡིད་ཆེས་ཐབས་བྱེད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རྒྱལ་མཚན་ནོར་བུ་དགེ་འདུན་པ་ཞིག་ལས་པཎ་ཆེན་རིན་པོ་ཆེར་ངོས་འཛིན་བྱེད་བཞིན་མེད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༧ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་དབང་ཆ་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་ནས་ཁྲིམས་སྒྲིག་མང་པོ་ཞིག་བཟོས་ཡོད་པ་ལྟར། ཕྱི་ལོ་༢༠༡༦ལོ་ནས་རྒྱ་ནག་གཞུང་ནས་དྲ་ལམ་ཐོག་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་བླ་སྤྲུལ་གྱི་མིང་གཞུང་ཐོ་བཀོད་ཀྱི་ལས་གཞི་འགོ་འཛུགས་བྱས་ཏེ། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དབུས་པའི་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་རྒྱ་ནག་གཞུང་ལ་ཡོད་སྐོར་ཤུགས་ཆེར་བརྗོད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་བླ་སྤྲུལ་ཁག་ལ་ཆེ་བསྟོད་ཞུ་བཞིན་མེད་པ་ཡོང་གྲགས་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག   
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།  
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎