བོད་འཇོ་མདའ་ཁུལ་དུ་རྒྱ་དམག་གིས་དྲག་གནོན།

བོད་མི་དང་རྒྱ་མིའི་དམག་མི་དབར་འཁྲུག་འཛིང་ཤོར་བ་དང་རྒྱ་དམག་གིས་བོད་མིའི་ཐོག་དུག་རྫས་དང་མེ་མདའ་གང་བྱུང་དུ་རྒྱབ་ཡོད་པ་རེད།
2009-06-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎འདི་ག་རླུང་འཕྲིན་དུ་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་བོད་ཀྱི་སྡེ་དགེ་འཇོ་མདའ་རྫོང་གི་པད་མ་ཤང་དང་གནས་མདོ་ཤང་གཉིས་ཀྱི་ཁོངས་སུ་གཏོགས་པའི་སྟག་ལུང་དགོན་པའི་ནང་དགེ་འདུན་པ་གཅིག་ཀྱང་སྡོད་མཁན་མེད་པ་ད་བར་ཟླ་བ་གཅིག་ལྷག་ཕྱིན་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་པད་མ་སྨད་ཀྱི་སྡེ་པའི་ནང་གནས་སྡོད་བྱེད་མཁན་གྱི་གནད་ཡོད་བོད་མི་འགན་འཁུར་བ་རྣམས་ལ་དགེ་འདུན་པ་རྣམས་དགོན་པར་བསྡུ་སྐོང་བྱ་དགོས་པའི་བཙན་བཀའ་ཐེངས་མང་བཏང་ཡོད་ཀྱང་ལས་དོན་དེར་གྲུབ་འབྲས་བྱུང་མེད་པར་བརྟེན་རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བདུན་རེས་གཟའ་སྤེན་པའི་ཉིན་ཤང་གི་ལས་བྱེད་པ་འགྱུར་མེད་དགོན་པོ་ལགས་དང་རྒྱལ་ཚང་རྡོ་རྗེ་ལགས་གཉིས་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་དུ་བཙན་ཁྲིད་བྱེད་པའི་ལམ་བར་བོད་མི་ཉི་ཤུ་ལྷག་ཙམ་ཞིག་གིས་རྒྱ་ལམ་བཀག་ཏེ་རྒྱ་མིའི་དམག་མི་དང་འཁྲུག་འཛིང་ཤོར་བ་དང་བོད་མི་ཚོས་རྒྱ་མིའི་དམག་མིར་ཁུ་ཚུར་གཞུས་པ་དང་རྒྱ་དམག་གིས་བོད་མིའི་ཐོག་དུག་རྫས་དང་མེ་མདའ་གང་བྱུང་དུ་རྒྱབ་ཏེ་བོད་མི་མང་པོ་ཞིག་རྨས་སྐྱོན་ཚབས་ཆེ་བཟོས་ཡོད་པ་རེད། ད་ཆ་བོད་མི་རྣམས་འཛིན་བཟུང་བྱས་ཏེ་གནས་མདོ་ཤང་ཁོངས་གཏོགས་ཀྱི་སྐྱབས་ཆེ་དགོན་པའི་བཤད་གྲའི་ནང་བཀག་ཉར་བྱེད་བཞིན་ཡོད་པ་མ་ཟད་ཁོང་ཚོ་པང་གཅལ་ཐོག་ཏུ་ཉལ་ཏེ་རྐང་ལག་གི་འཐིལ་ཏུ་ལྕགས་གཟེར་བརྒྱབ་ཏེ་ཉེས་རྡུང་ཚད་མེད་བཏང་ཡོད་པ་དང་ལོ་ན་བཞི་ཅུ་ཞེ་བདུན་ཡིན་པའི་ནོར་ལྷ་ཞུ་བ་དང་ལོ་ན་བཞི་ཅུ་ཞེ་གསུམ་ཡིན་པའི་མགོན་པོ་དར་རྒྱས་ལགས་གཉིས་བྱེད་ལྟེ་ཡིན་པའི་ཉེས་འཛུགས་ཀྱིས་འཇོ་མདའ་རྫོང་ཕྱོགས་སུ་བཙན་ཁྲིད་བྱས་ཟིན་ཡོད་པ་རེད། འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་གི་མིང་ཤེས་རྟོགས་བྱུང་བའི་ཁོངས་སུ་རྨ་ཚ་ཚང་ཚེ་བརྟན་དང་རིང་ཆུང་ཉི་གྲགས།བསམ་འཕེལ་ནོར་བུ།ཨོ་ཡོ་ཚེ་རིང༌།ཨ་བརྟན།ག་དགེ་ཞུ་བ་བཅས་ཡིན་པ་རེད། ཁོང་ཚོ་རྒྱ་མིའི་དམག་མིས་འཛིན་བཟུང་བྱས་པའི་རྗེས་སྟག་ལུང་དགོན་གྱི་སྡེ་བ་ནོར་མ་རུ་བ་དང་པད་མ་སྨད་པའི་ཁུལ་གྱི་བོད་མི་མང་པོ་ཞིག་འདུ་འཛོམས་ཀྱིས་ཁོང་རྣམས་གློད་འགྲོལ་ཡོང་བའི་རེ་སྐུལ་ཞུ་བར་དོ་དམ་བྱེད་ཡུལ་སྐྱབས་ཆེ་དགོན་ཕྱོགས་སུ་བསྐྱོད་ཡོད་ཀྱང་རྒྱ་མིའི་དམག་མིས་མེ་མདའ་རྒྱབ་ཏེ་དགོན་པའི་ཉེ་བར་བཅར་མ་བཅུག་པ་དང་ཡིན་ནའང་དེ་རིང་བོད་མི་རྣམས་བསྐྱར་ཏུ་འདུ་འཛོམས་ཀྱིས་འཇོ་མདའ་རྫོང་ས་གནས་སྲིད་གཞུང་ལ་ཞུ་གཏུགས་བྱེད་དུ་བསྐྱོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།