༧གོང་ས་མཆོག་གིས་དབྱིན་ཡུལ་དུ་བོད་མིར་གལ་ཆེའི་བཀའ་སློབ།

༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བོད་མི་༦༠༠ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་འདུག

2012.06.22

༄༅༎ཁ་ས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ དབྱིན་ཡུལ་གྱི་རྒྱལ་ས་ ལོན་ཌོན་དུ་བོད་མི་༦༠༠ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་སྐབས་ཕ་མེས་ནས་ཡོད་པའི་བོད་པའི་གོམས་གཤིས་བཟང་པོ་དེ་བདག་གཅེས་ཡག་པོ་བྱེད་དགོས་པ་དང༌། གཞོན་སྐྱེས་ཚོས་བོད་པའི་རིག་གཞུང་ལ་དོ་སྣང་དང་བོད་སྐད་ལ་སྦྱང་བརྩོན་བྱེད་དགོས་གལ་ཆེ་ཡིན་སྐོར་བཀའ་གནང་བཞག།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་ས་གནས་གང་དུ་གནས་སྡོད་བྱས་རུང་མི་དྲང་པོ་ཞིག་བྱེད་དགོས་པ་དང༌། བོད་མི་ཚོར་ཕ་མེས་ནས་གོམས་གཤིས་བཟང་པོ་ཞིག་ཡོད་པ་དེ་སྤོབས་པའི་ཐོག་ནས་བདག་པོ་རྒྱག་དགོས་པའི་སྐོར་བཀའ་གནང་སྟེ། བོད་ཀྱི་སྐད་ཡིག་ལ་ཆ་མཚོན་ན། དེང་སྐབས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་ལ་ཙིགས་ཐོངས་་ཆེན་པོ་བྱེད་བཞིན་ཡོད་ལ། གཙོ་བོ་ལེགས་སྦྱར་སྐད་ཡིག་ཐོག་ཡོད་པའི་སངས་རྒྱས་ཀྱི་བཀའ་དང་དེའི་འབྲེལ་བ་པཎ་གྲུབ་བཅུ་བདུན་ལ་སོགས་རྒྱ་གར་གྱི་མཁས་པས་མཛད་པའི་བཀའ་བསྟན་འགྱུར་དེ་དག་ཚང་ལ་མ་ནོར་བ་བོད་སྐད་ཐོག་བསྒྱུར་སྟེ་བོད་པས་ད་བར་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱས་ཡོད་སྐོར་བཀའ་འགྲེལ་གནང་བཞག།

དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པ་ཚོར་ཁ་ནས་ང་ནང་པ་ཡིན་ཞེས་བཤད་པ་ཙམ་མིན་པར་ངོ་ཐོག་ནས་ཉིན་རེའི་འཚོ་བའི་ཁྲོད་མི་བཟང་པོ་ཞིག་ཡོང་ཐབས་བྱེད་དགོས་རྒྱུ་དང༌། གོ་སྐབས་ནམ་བྱུང་ལ་ནང་ཆོས་ལ་དོ་སྣང་བྱེད་དགོས་པའི་བཀའ་སློབ་གཟབ་མོ་ཕེབས་འདུག།

བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་སྒྲུབ་རྗེས་དབྱིན་ཇིའི་དམག་མིའི་གྲོང་ཚོ་ཨོལ་ཌར་ཤོཏ་ཞེས་པ་དེར་ཆིབས་བསྒྱུར་བསྐྱངས་ཏེ། དེ་གར་རྩེད་ཐང་ཆེན་མོའི་ནང་འདུས་པའི་བལ་པོ་དང་སོག་རིགས་ཚོས་རང་སྲོལ་གྱོན་ཆས་སྤྲས་ནས་གུས་བསུའི་སྣེ་ལེན་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་དང༌།ཕྱི་རྒྱལ་དུ་རང་གི་ལུགས་སྲོལ་དང་གོམས་གཤིས་རྒྱུན་འཛིན་བྱེད་བཞིན་ཡོད་པར་བསྔགས་བརྗོད་གནང་བ་དང་སྦྲགས། ནང་ཆོས་ཀྱི་སྙིང་པོ་གཞན་ལ་ཕན་པ་སྒྲུབ་རྒྱུ་དང༌། ཕན་ཐོགས་བྱེད་མ་ཐུབ་ཀྱང་་གཞན་ལ་གནོད་པ་མི་བྱེད་པའི་སློབ་སྟོན་གནང་རྗེས། སྟོན་པ་དང༌། སྤྱན་རས་གཟིགས། གུ་རུ་རིན་པོ་ཆེ་བཅས་ཀྱི་གཟུངས་སྔགས་ཀྱི་བཀའ་ལུང་སྩལ་གནང་མཛད་འདུག།

ལོན་ཌོན་ཁུལ་གྱི་མཛད་འཆར་དེ་གྲུབ་མ་ཐག། ༧གོང་ས་མཆོག་སི་ཀོཏ་ལེནདྲ་གྱི་རྒྱལ་ས་ཨེ་ཌིན་སྦག་ཏུ་ཞབས་སོར་འཁོད་སྐབས་ཨེ་ཌིན་སྦག་གྲོང་ཁྱེར་སྤྱི་ཁྱབ་མཆོག་གནམ་ཐང་དུ་ཕེབས་བསུར་སྐུ་བཅར་ཞུས་ཡོད་པ་དང༌། དེ་རིང་༧གོང་ས་མཆོག་སི་ཀོཏ་ལེནདྲ་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཀྱི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎