༧གོང་ས་མཆོག་གིས་གསར་འགོད་པའི་བཅའ་དྲིར་བཀའ་ལན།
2012.06.26
༄༅༎ཟླ་བ་འདིའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཇིའི་ཡུལ་དུ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས། དབྱིན་ཇིའི་གསར་འགྱུར་ལས་ཁང་ཞིག་གི་བཀའ་འདྲི་དང་ལེན་གནང་སྐབས། མ་འོངས་པའི་བོད་ཀྱི་གནས་བབ། རྒྱ་ནག་ནང་དུ་འགྱུར་བའི་གནས་སྟངས། མ་འོངས་པའི་དགའ་ལྡན་ཕོ་བྲང་གི་གནས་བབ་ཇི་ལྟར་ཞིག་ཡོང་རྒྱུའི་སྐོར་ལ་བཀའ་གནང་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགྱུར་ལས་ཁང་དེར་གསུང་དོན་ལ། བོད་མི་ཚོའི་སེམས་ཤུགས་ནི་ཧ་ལས་པའི་ཆེན་པོ་ཡོད་པ་ལྟར་མུ་མཐུད་གནས་ཡོད་པ་དང༌། སེམས་ཤུགས་དེ་ནི་ནང་ཆོས་སློབ་གཉེར་ཐོག་ནས་ཡོང་བ་ཡིན་ཞིང༌། ནང་ཆོས་ནི་མི་ལོ་༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པ་མ་ཟད། དེ་རབས་ཀྱི་འཛམ་གླིང་དེའི་ནང་དུའང་ནང་ཆོས་ཀྱིས་མི་དམངས་ལ་ཞབས་འདེབས་ཞུ་ཐུབ་པ་མ་ཟད། དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བ་སོགས་ནང་ཆོས་དར་ཁྱབ་ཆེ་རུ་འགྲོ་གི་ཡོད་པའི་སྐོར་བཀའ་གནང་ཡོད་ལ། ད་དུང་རྒྱ་ནག་གི་གནད་དོན་སྐོར་ལ་བཀའ་གནང་བའི་ནང༌། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་རྗེས་སུ་སྙེགས་དགོས་ཀྱི་ཡོད་ན། ངེས་པར་དུ་འཛམ་གླིང་གི་གནས་ཚུལ་དངོས་ཡོད་གནས་ཚུལ་དང་རྗེས་ཟིན་པ་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་བཞིན་པའི་དམངས་གཙོ་དང་ཁྲིམས་ལུགས་དབང་འཛིན་གྱི་ལམ་ལུགས་ཕྱོགས་སུ་མདུན་བསྐྱོད་དགོས་པ་ལས། རྒྱ་ནག་རྒྱལ་ཁབ་ཇི་ཙམ་གྱི་སྟོབས་ཤུགས་ཆེན་པོ་ཡིན་ནའང་དམངས་གཙོ་དང་ཁྲིམས་ལུགས་རང་དབང་མེད་ན་ཡར་རྒྱས་ཡོང་ཐབས་མེད་པ་རེད། ལྷག་དོན་རྒྱ་ནག་གི་དབང་འཛིན་པ་ཚོས། འཇིགས་སྣང་དང་བཙན་གནོན་འོག་ནས་སྤྱི་ཚོགས་འཆམ་མཐུན་དང་ཆིག་སྒྲིལ་ཡོང་གི་ཡོད་པའི་བསམ་བློ་གཏོང་གི་ཡོད་པ་དེ་དག་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ཞིང༌། རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཡིས་ཐེངས་འགའ་ཤས་ཤིག་ལ་རྒྱ་ནག་ནང་ཆབ་སྲིད་བསྒྱུར་བཅོས་དགོས་ངེས་ཡིན་པའི་སྐོར་གཏམ་བཤད་བྱས་ཡོད་པས། དེ་ནི་ཕལ་ཆེར་ཁོང་གིས་རྒྱ་ནག་ནང་བསྒྱུར་བཅོས་ཀྱི་རྨང་གཞི་ཞིག་འགོ་འཛུགས་རྒྱུའི་འདོད་པ་ཡོད་པ་ཞིག་ཡིན་སྲིད་ལ། ད་ཆ་རྒྱ་ནག་གི་མི་རབས་གསར་པའི་དཔོན་རིགས་ཚོའི་ངོས་ནས་བསམ་བློ་གསར་པ་འགོ་འཛུགས་རྒྱུའི་འདོད་པ་འཛིན་གྱི་ཡོད་སྲིད་ཀྱང་ད་ལྟ་བརྗོད་དཀའ་བ་རེད། དེར་བརྟེན་ངོས་ནས་རྒྱ་ནག་གཞུང་ལ་ཤོད་རྒྱུ་ནི། རང་ཉིད་ཀྱི་ཁྱིམ་མཚེས་དམངས་གཙོའི་རྒྱལ་ཁབ་རྒྱ་གར་གྱི་རྗེས་སུ་འབྲངས་དགོས་པ་གལ་ཆེན་པོ་ཡིན་པ་ནན་བརྗོད་བྱེད་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད།