སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་དྭངས་སྐྱེད་མྱུར་པོ་དང་བློ་ཁ་ཚིམ་པོ་ཡོད་སྐོར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསལ་བསྒྲགས།
ཕྱི་ལོ་ ༢༠༢༤ལོའི་ཟླ་ ༧ ཚེས་ ༢༤ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྗེས་སུ་ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་ཡོད་པ་དང་། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་འབྲེལ་ཡོད་ཀྱི་སྨན་པ་དང་བླ་སྨན་པ་རྣམ་གཉིས་ཀྱིས་གསུངས་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གཞུང་འབྲེལ་གྱི་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་གནང་པ་དེའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་གཤགས་བཅོས་མཛད་དེ་ད་ཆ་བདུན་ཕྲག་བཞི་འགྲོ་བཞིན་ཡོད་ཅིང་། ཞབས་པུས་གཤགས་བཅོས་ཀྱི་རྨ་ཁ་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་བྱུང་ཡོད། ཞབས་འགུལ་སྐྱོད་སླར་གསོའི་ཆེད་ལས་པ་རྣམས་ནས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་འདུག་པས། ཁོང་ཚོའི་ངོས་ནས་ཞུས་ན། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་བརྗོད་ཀྱི་འདུག སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ནི། ངེད་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་དང་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་གཉིས་ཀྱང་བློ་ཁ་ཚིམ་བཞིན་དུ་གནས་ཡོད་ཅེས་ཞུ་རྒྱུ་ཡིན་པ་བཀོད་གནང་འདུག་ལ། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་བཞུགས་གདན་འཇགས་ཡུལ་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་ས་གནས་སཱེ་རཱ་ཁྱེའུ་ནས་བསྒྲོན་པའི་སྐུ་པར་ཞིག་ཀྱང་བཞག་གནང་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་༦ཚེས་༢༣ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་སོར་བདེ་བར་འཁོད་པ་དང་། སྐབས་དེ་དུས་བོད་མི་དང་དད་ལྡན་པ་སྟོང་ཚོ་མང་པོས་ཕེབས་བསུ་ཞུས་ཡོད་ལ། ཟླ་༦ཚེས་༢༨ཉིན་ཞབས་པུས་ཀྱི་གཤགས་བཅོས་དངོས་སུ་གནང་པའི་རྗེས་ཉིན་དེ་རང་ལ་སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞབས་པུས་གཤགས་བཅོས་ལེགས་གྲུབ་བྱུང་ཡོད་པའི་སྐོར་དྲ་ལམ་བརྒྱུད་གསལ་བཤད་གནང་ཡོད་ལ། ཡང་ཟླ་༧ཚེས་༣ཉིན་བཞུགས་གདན་འཇགས་ཡུལ་གསོལ་མགྲོན་ཁང་དུ་སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་སྐུའི་བོད་ལུགས་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ཀྱིས་ཞབས་པུས་ཀྱི་སྨན་བཅོས་ལེགས་པར་གྲུབ་ནས་ཉིན་ལྔ་པའི་མཚམས་འདིར་སྐུ་ཁམས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་དང་། དྭངས་སྐྱེད་མྱུར་པོ་ཡོད་པའི་ཐོག་སྙུང་ཟུག་ཆུང་ལ། ཞབས་གོམ་ཡང་བསྐྱོན་ཐུབ་ཀྱི་ཡོད་པ་མ་ཟད། ཕྱག་རྩ་སྙོམ་པ་སོགས་ཡོད་པས་ཚང་མ་ཐུགས་བློ་བདེ་པོ་གནང་ཆོག་པ་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་གནང་ཡོད།
གཞན་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཞུགས་གདན་འཇགས་ཡུལ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་འདི་བཞིན་བོད་མི་དང་དད་ལྡན་པ་ཚོས་གསོལ་བ་སྨོན་ལམ་འདེབས་ནས་སྐོར་རྭར་ཕེབས་ཡུལ་གྱི་རྩ་ཆེའི་གནས་མཆོག་ཅིག་ཏུ་གྱུར་པའི་གནས་ཚུལ་ཡང་བྱུང་ཡོད།
གསར་འགོད་པ། སྒྲོལ་དཀར། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།