༧གོང་ས་མཆོག་སྦེང་ལོར་གྲོང་ཁྱེར་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ།

2017-12-23
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག།
དགའ་ལྡན་ཕོ་བྲང་།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིའི་སེར་རྭ་ཆོས་སྒར་དང་བཀྲིས་ལྷུན་པོ། རྣམ་གྲོལ་གླིང་སོགས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་སྦེང་ལོར་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
དེ་རིང་སྔ་དྲོ་སེར་རྭ་ཆོས་སྒར་ནས་ཆིབས་ཞལ་མ་བསྒྱུར་སྔོན་སྦེལ་ཀོབ་ཁུལ་དང་ཕྱོགས་མཐའ་གཞན་ནས་ཆེད་བཅར་ཞུས་པའི་དེ་སྔོན་ཕྱི་ལོ་ ༡༩༥༣ ལོར་བོད་ནས་སྐྱབས་བཅོལ་དུ་ཕེབས་རྗེས་ཐོག་མར་སྦག་ས་ཆོས་སྒར་ནས་ཡོད་མཁན་གྱི་དགེ་འདུན་བགྲེས་སོང་ཞལ་གྲངས་ ༥༣ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སང་ཉིན་ཕྱི་ཚེས་ ༢༤ ཉིན་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་ Seshadripuram ཤེས་ཡོན་ལྟེ་གནས་ཁང་གི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཤེས་ཡོན་ལྟེ་གནས་ཁང་གི་ངེས་སྟོན་པ་དང་སློབ་སྤྱི། དེ་བཞིན་སློབ་ཕྲུག་ཉི་ཁྲི་མ་ཟིན་ཙམ་ལ་ སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་ Tripura Vasini ཞེས་པའི་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་འཛུགས་བསྐྲུན་ཆེད་ཤེས་རབ་དང་སྙིང་རྗེའི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ས་ཁུལ་དེའི་ནང་གནས་པའི་བོད་པའི་སློབ་ཕྲུག་དང་ཚོང་པ། དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་བཅས་པར་མཇལ་ཁ་བཀའ་སློབ་སྩོལ་རྒྱུའི་མཛད་འཆར་ཡོད་པ་རེད།
ཕྱི་ཚེས་ ༢༦ ཉིན་ སྦེང་ལོར་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཆགས་པའི་ཏུམ་འཁོར་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་དང་། ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི། ཕྱི་ཚེས་ ༣༠ ཉིན་གནས་མཆོག་ཝ་ར་ན་སིར་ཆིབས་བསྒྱུར་ཐོག་དེ་ཕྱོགས་སུ་ཉིན་གྲངས་གསུམ་རིང་གི་མཛད་འཆར་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འགོད་གནང་མཛད་རྒྱུ་ཡིན་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།