༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་པའི་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་པ།

2023.12.25
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་པའི་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་པའི་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
བོད་མིའི་སྒྲིག་འཛུགས།

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་སུ་ཆེད་བཅར་ཞུ་མཁན། ཉི་ཧོང་དང་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་ཆུང་གི་དགེ་འདུན་པ་དང་མི་སྐྱ་ཕོ་མོ་༣༠ལྷག་ཡོད་པར། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྣེ་ཁྲིད་གནང་ཡོད་པ་ཚོར་དམིགས་ཏེ། བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ། སྤྱི་ཟླ་༡༢པའི་ཚེས་༢༡ཉིན་དམིགས་བསལ་མཇལ་ཁ་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ཉི་ཧོང་དང་ཀོ་རི་ཡའི་ནང་པ་ཚོས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་ཉམས་ལེན་དང་། འགྲོ་བ་མི་ཀུན་ལ་ཕན་བདེ་བསྒྲུབ་ཕྱིར་ནང་ཆོས་དེ་བཞིན་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ལམ་ནས་འགྲེལ་བཤད་གནང་ཐུབ་པ་དགོས་པ་མ་ཟད། སྐྱེ་བ་སྔ་ཕྱིའི་རྣམ་གཞག་སོགས་གལ་ཆེན་པོ་ཡིན་ནའང་མི་མང་པོས་ལམ་འཕྲལ་ཁས་ལེན་བྱེད་ཁག་པོ་ཆགས་སྲིད་པས། ང་ཚོས་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་རྣམ་གཞག་དེ་རིགས། དེང་རབས་ཀྱི་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཕན་ཐོགས་ཡོད་པ་ཞིག་བཟོ་དགོས་པའི་བཀའ་བསྩལ་ཡོད་པ་རེད།

ISF-HH-audience-892x1024.jpeg

གཞན་ཡང་ཁོང་ཚོའི་སྣེ་འཁྲིད་པ་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཁོང་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱིས་དེང་སང་འཛམ་གླིང་གི་དཀའ་རྙོག་མང་པོ་ཞིག་སེལ་བའི་ནུས་པ་ཡོད་པ་དང་། ནང་ཆོས་ལ་དུས་རབས་དང་མཐུན་པའི་འགྲེལ་བཤད་གནང་དགོས་པ་སོགས་བཀའ་བསྩལ་བར། ཉི་ཧོང་དང་ལྷོ་ཀོ་རི་ཡའི་བླ་ཆེན་དང་མཁས་དབང་སོགས་ནང་པའི་ཚོགས་ཆུང་གི་མཇལ་བཅར་པ་ཚོས། བཀའ་བརྩི་དང་ལེན་གནང་ངེས་དང་དགའ་གུས་ཡི་རང་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་Super་Sanghaཆོས་ཚོགས་ཀྱི་སྐུ་ཚབ་དགེ་འདུན་པ་Kobayashiལགས་ཀྱིས་ཀྱང་། ཁོང་རང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ནས་དགའ་སྤྲོ་ཚད་མེད་བྱུང་བ་འགྲེལ་བརྗོད་གནང་གི་འདུག

ཉི་ཧོང་གི་ནང་པའི་ཚོགས་ཆུང་གི་ཚོགས་མི་ཚང་མ་ཧ་ཅང་དགའ་སྤྲོ་དང་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་པ་ནི། ང་ཚོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་བསྐལ་བཟང་གི་གོ་སྐབས་ཐོབ་པ་དང་། དམིགས་བསལ་རང་ཉིད་ཧ་ཅང་དགའ་སྤྲོ་འབྱུང་དོན་གཅིག་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དྲོན་མོས་ངའི་མགོ་ལ་ཕྱག་དབང་གནང་བྱུང་བས་ཧ་ལས་པ་དགའ་སྤྲོ་བྱུང་། ངའི་རེ་བར་འབྱུང་འགྱུར་ཀྱང་རིང་མིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་འདི་འདྲ་གནང་ཐུབ་ན་སྙམ་ཞེས་འགྲེལ་བརྗོད་གནང་གི་འདུག

འདི་ལོ་སྤྱི་ཟླ་༡༢པའི་ཚེས་༢༠ནས་༢༢བར་ཉི་མ་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ། རྒྱལ་སྤྱིའི་དགེ་འདུན་པའི་ནང་པའི་ལྷན་ཚོགས་ཤིག་གནང་ཡོད་པའི་སྟེང་། རྒྱལ་ཁབ་སུམ་ཅུ་ལྷག་ནས་དགེ་སློང་དང་མཁས་དབང་ཉིས་སྟོང་བརྒལ་བ་ལྷན་ཞུགས་གནང་ཡོད་པའི་ནང་། ཉི་ཧོང་གི་བླ་ཆེན་བཞི་གསུང་བཤད་གནང་བར་ཕེབས་པའི་ཁར། ལྷོ་ཀོ་རི་ཡ་ནས་ཀྱང་བླ་ཆེན་གཉིས་ཕེབས་ཡོད་པ་སོགས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་བསྩལ་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎