༧གོང་ས་མཆོག་གིས་བདེ་སྐྱིད་ནི་གཙོ་བོ་ནང་བསམ་བློའི་ཐོག་ནས་ཡོང་དགོས་པ་བཀའ་གནང་འདུག


2019.12.03
༧གོང་ས་མཆོག་གིས་བདེ་སྐྱིད་ནི་གཙོ་བོ་ནང་བསམ་བློའི་ཐོག་ནས་ཡོང་དགོས་པ་བཀའ་གནང་འདུག ༧གོང་ས་མཆོག་གིས་ཨ་རི་ཨེར་ལམ་མཐོ་སློབ་ནས་ས་རཱ་མཐོ་སློབ་ཏུ་ཤེས་ཡོན་བརྗེ་ལེན་ཆེད་ཕེབས་མཁན་སློབ་མ་བདུན་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྒྲ་སྒྱུར་སྦྱོང་བརྡར་བསྟི་གནས་ཁང་དུ་ཕེབས་མཁན་སློབ་མ་བཅུ་བཞི་དང་དགེ་ལས་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ།
དགའ་ལྡན་ཕོ་བྲང་།

ཟླ་འདིའི་སྤྱི་ཚེས་༢ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཨེར་ལམ་མཐོ་སློབ་( Earlham College )ནས་ས་རཱ་མཐོ་སློབ་ཏུ་ཤེས་ཡོན་བརྗེ་ལེན་ཆེད་ཕེབས་མཁན་སློབ་མ་བདུན་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྒྲ་སྒྱུར་སྦྱོང་བརྡར་བསྟི་གནས་ཁང་དུ་ལོ་གཉིས་རིང་སྦྱོང་བརྡར་ཆེད་ཕེབས་མཁན་སློབ་མ་བཅུ་བཞི་དང་དགེ་ལས་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩོལ་སྐབས།  ཡར་ཐོན་རྒྱལ་ཁབ་ནང་ཕྱི་དངོས་པོའི་མཐུན་རྐྱེན་འཛུགས་སྐྲུན་དེ་དག་ཡར་རྒྱས་ཧ་ལས་པ་ཡོད། ད་དུང་མིའི་བསམ་བློར་དངངས་སྐྲག་དང་རེ་དོགས།  འགྲན་སེམས། རང་དོན་ཁོག་བཅུག་སོགས་བློ་མ་རུང་པ་དེ་དག་གིས་སེམས་མ་སྐྱིད་པ་བཟོ་བཞིན་ཡོད།  བདེ་སྐྱིད་ཟེར་བ་དེ་གཙོ་བོ་ནང་གི་བསམ་བློའི་ཐོག་ནས་ཡོང་དགོས། དེར་བརྟེན་བདེ་སྐྱིད་ཡོང་མིན་ནི་སོ་སོར་རག་ལས་པ་རེད་ཅེས་སོགས་བཀའ་གནང་ཡོད་པ་རེད།

ཡང་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་སྩོལ་སྐབས།

ངོས་ཀྱིས་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་གོང་འཕེལ་ཡོང་ཐབས་བྱེད་བཞིན་ཡོད།  ཆོས་མིང་ཐོག་ནས་ཕན་ཚུན་འཚེ་བའི་ལས་འགུལ་སྤེལ་རེས་བྱས་པ་ནི་བློ་ཡུལ་ནང་ཤོང་དཀའ་བ་ཞིག་རེད། ཆོས་གཅིག་ཁོ་ན་དང་། བདེན་པ་གཅིག་ཁོ་ན་མ་གཏོགས་མེད་པར་ཡིད་ཆེས་བྱས་པ་ཡིན་ན་མཐོང་རྒྱ་ཆུང་དྲགས་པ་རེད།  འཛམ་གླིང་སྤྱིའི་ཐོག་ནས་བསམ་བློ་གཏོང་དང་། ཆོས་ལུགས་མི་འདྲ་བ་ཡོང་ཆོག་པ་དང་། བདེན་པའི་རྣམ་གཞག་གཏན་ལ་འབེབས་སྐབས་མཐོང་ཚུལ་མི་འདྲ་བ་ཡོང་ཆོག རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ལས་པ་ཡོད། ཕ་མེས་ནས་དར་བའི་ཆོས་དང་ཕྱི་ནས་དར་བའི་ཆོས་ལུགས་ཕན་ཚུན་དབར་ལོ་ངོ་སྟོང་ཕྲག་རིང་ནས་འཆམ་མཐུན་ཐོག་གནས་ཡོད། དེ་ནི་འཛམ་གླིང་སྤྱི་ལ་མིག་དཔེར་འོས་པ་ཞིག་རེད་ཅེས་བཀའ་གནང་འདུག

དེ་བཞིན་༧གོང་ས་མཆོག་གིས་མུ་མཐུད་སྐུའི་མཛད་ཁུར་གསུམ་གྱི་སྐོར་གསུང་ནས་གསུམ་པ་དེར་ངོས་རང་བོད་མི་ཞིག་ཡིན།  གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་ངོས་ལ་ཡིད་ཆེས་དང་རེ་བ་བཅོལ་བཞིན་ཡོད།  སྤྱིར་ངོས་རང་ཕྱི་ལོ་ ༢༠༠༡ ནས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་མཚམས་བཞག་ཟིན་པ་རེད།  ད་ཆ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་ཆབ་སྲིད་ལས་འགན་འཁྱེར་བཞིན་ཡོད། ངོས་ཀྱིས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐོག་འབད་བརྩོན་བྱེད་བཞིན་ཡོད་པའི་ཐད་བཀའ་སློབ་བསྩལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་རྒྱ་གར་རྒྱ་མཚོའི་ནང་མཚོ་འོག་གྲུ་གཟིངས་དང་དམག་གྲུ་ཁག་ཅིག་གཏོང་འགོ་བཙུགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎