༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པོད་ ༢༢༣ ཡོད་པའི་སྨོན་ལམ་ཚིག་མཛད་ཆེན་མོའི་ཐོན་རིམ་གསུམ་པ་དེ་དངོས་སུ་དབུ་འབྱེད་གནང་སོང་།

2022.05.27
Share on WhatsApp
Share on WhatsApp
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པོད་ ༢༢༣ ཡོད་པའི་སྨོན་ལམ་ཚིག་མཛད་ཆེན་མོའི་ཐོན་རིམ་གསུམ་པ་དེ་དངོས་སུ་དབུ་འབྱེད་གནང་སོང་།
RFA

ཕྱི་ལོ་ ༢༠༢༢ ཟླ་ ༥ པའི་ཚེས་ ༢༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཆེ་བའི་སྨོན་ལམ་ཚིག་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་གྱི་དཔེ་དེབ་དང་དྲ་རྒྱའི་ཚིག་མཛོད་དབུ་འབྱེད་གནང་ཞིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་གངས་ཅན་པ་ནི་ཆོས་དང་རིག་གཞུང་གི་ཐོག་ཧ་ཅང་གི་ཕྱུག་པོ་ཡིན་པ་མ་ཟད། འགྲོ་བ་མིའི་སེམས་ལ་ཡང་ཁ་ཡོད་ལག་ཡོད་ཀྱི་ཞི་བདེ་སྐྲུན་ཐུབ་མཁན་གྱི་རིན་ཐང་ཆེ་བའི་རིག་གཞུང་ཞིག་ཡིན་ཞིང་། ལྷག་པར་དུ་ད་རེས་དབུ་འབྱེད་གནང་བའི་ཚོག་མཛོད་འདི་ལྟ་བུས་བོད་ཀྱི་རིག་གནས་རྒྱུན་འཛིན་གྱི་བྱ་བཞག་ཐོག་ལ་ལེགས་སྐྱེས་འབུལ་ཐུབ་པ་ཞིག་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་སྐྱོན་གཏོང་མུས་ཡིན་ན་འང་། འདི་ལྟ་བུའི་ལས་གཞི་བརྒྱུད་རྒྱ་རིགས་སྤུན་ཟླ་ཚོར་བོད་ཀྱི་རིག་གཞུང་གི་གལ་གནད་སྐོར་ཤེས་རྟོགས་ཐུབ་པ་བྱེད་དགོས་ཅེས་བཀའ་གནང་སོང་། 

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། ཞི་བདེའི་མཐར་ཐུག་གི་འབྱུང་རྩ་ནི་ང་ཚོའི་སེམས་དེ་ཡིན་པས། འཛམ་གླིང་ཞི་བདེ་ནི་ངེས་པར་དུ་ནང་སེམས་ཀྱི་ཞི་བདེ་ནས་མགོ་བརྩམས་དགོས་པ་དང་། དེ་ནས་སོ་སོ་སྡོད་སའི་ཁྱིམ་ཚང་དང་སྤྱི་ཚོགས་སོགས་ནང་རིམ་པས་ཞི་བདེ་སྐྲུན་དགོས་། དེར་བརྟེན། ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་གིས་ནང་སེམས་ཞི་བདེ་ཇི་ལྟར་སྐྲུན་དགོས་མིན་ཐད་ཞབས་འདེགས་ཏན་ཏན་སྒྲུབ་ཐུབ་པས་། དེ་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་ནི་ཚང་མར་འགན་ཡོད་པ་བཀའ་གནང་སོང་། 

ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གྲུབ་མཚམས་སུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། དུས་རབས་ཀྱི་དོན་སྙིང་ལྡན་པའི་ཕྱག་ལས་འདི་ནི་བསྟན་པ་དང་སྤྱི་འགྲོ་ཡོངས་ལ་ཕན་པའི་རླབས་ཆེན་གྱི་མཛད་པ་ཞིག་ཡིན་པ་དང་། འདི་ལྟ་བུའི་ལས་དོན་ནི་མི་རབས་ནས་མི་རབས་རྒྱུན་འཁྱོངས་དགོས་པས། གཞོན་སྐྱེས་ཚོས་དེའི་ཐོག་འགན་འཁུར་དགོས་པ་གསུངས་ཤིང་། སྒྲ་སྒྱུར་གྱི་སྤུས་ཚད་ཐོག་ནས་བཤད་ན། སྐད་ཡིག་དང་པོ་ནས་སྐད་ཡིག་གཉིས་པར་བསྒྱུར་བའི་སྒྲ་སྒྱུར་གྱི་སྤུས་ཚད་བོད་སྐད་ནང་ཡོད་པ་ནང་བཞིན་ཇི་རྟེན་ཁྱོན་ཡོངས་ཀྱི་སྐད་རིགས་གཞན་སུ་ལའང་མེད་ཅེས་གསུངས་གནང་སོང་། 

ད་རེས་དབུ་འབྱེད་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ཚོག་མཛོད་ཚར་གཅིག་ལ་པོད་ ༡༤༨ དང་ཟུར་བཀོལ་པོད་ ༧༥ བཅས་པོད་ ༢༢༣ གྱི་བདག་ཉིད་ཅན་ཞིག་ཡིན་འདུག་པ་མ་ཟད། ཤོག་ངོས་ ༡༣༣༨༧༠ ལྷག་ཡོད་འདུག་ཅིང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། བོད་ནང་དུ་རང་གི་སྐད་ཡིག་རྒྱུན་འཛིན་ཐོག་ལ་དམ་དྲག་བྱེད་མུས་ཡིན་ནའང་། འདི་ཕྱོགས་སུ་བོད་སྐད་ཡིག་དང་རིག་གཞུང་ཐོག་འདི་ལྟ་བུའི་ལེགས་སྐྱེས་འབུལ་ཐུབ་པ་སྤོབས་པ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་། 

གཞན་ཡང་སྨོན་ལམ་ཚིག་མཛོད་ཆེན་མོ་ནི། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ ཉིན་དབུ་འཛུགས་གནང་སྟེ་། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣༡ བར་རྩོམ་སྒྲིག་བྱས་པ་ཞིག་ཡིན་འདུག་ལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གཙོ་འགན་བླངས་ཤིང་། བཙན་བྱོལ་ནང་དུ་ཡོད་པའི་བོད་ཀྱི་ཤེས་ཡོན་ཚོགས་སྡེ་ཁག་གང་མང་ཞིག་དང་མཉམ་འབྲེལ་བྱས་ནས་རྩོག་སྒྲིག་བྱས་པ་ཞིག་ཡིན་འདུག་པ་མ་ཟད། འདི་ནི་བཙན་བྱོལ་ནང་གི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་མཉམ་ལས་ལས་གཞི་རྒྱ་ཆེ་ཤོས་ཤིག་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎