ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་བར་རྒྱབ་སྐྱོར་གནང་བར་ཚོགས་སྡེ་མང་པོས་སྐྱོན་བརྗོད་བྱས་འདུག

2024.03.20
ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་བར་རྒྱབ་སྐྱོར་གནང་བར་ཚོགས་སྡེ་མང་པོས་སྐྱོན་བརྗོད་བྱས་འདུག ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་བར་རྒྱབ་སྐྱོར་གནང་སྐབས། ༠༣།༡༩།༢༠༢༤
AFP

འདི་ཚེས་༡༩གཟའ་མིག་དམར་ཉིན་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་བར་རྒྱབ་སྐྱོར་བྱས་པ་བརྒྱུད་རྒྱལ་ཁབ་ལ་ངོ་ལོག་ཟིང་འཁྲུག་སློང་མཁན་ཚོར་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་གཏན་འབེབས་བྱས་ཡོད་འདུག
ཨ་མི་རི་ཀ་དང་དབྱིན་ཡུལ། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་བཅས་ཀྱིས་ཁྲིམས་ལུགས་དེས་ཧོང་ཀོང་ནང་རང་དབང་ཐོབ་ཐང་ལ་སྔར་ལས་ལྷག་ཚོད་འཛིན་བཀག་སྡོམ་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་མོད། འོན་ཀྱང་ཁྲིམས་ལུགས་མགྱོགས་མྱུར་ངང་ཁྲིམས་འཛུགས་ཀྱི་གོ་རིམ་བརྒྱུད་གཏན་འབེབས་བྱས་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་(Volker Turk)་ལགས་ཀྱིས་བྲེལ་འཚུབ་ངང་ཁྲིམས་དེ་གཏན་འབེབས་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པར་ཕྱིར་བསྣུར་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག
འོན་ཀྱང་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་པ་(John Lee)་ཡིས་དེ་ནི་ཧོང་ཀོང་གི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་ཤིག་ཡིན་པ་མ་ཟད། བཅའ་ཁྲིམས་འདི་གཟའ་སྤེན་པའི་ཉིན་ནུས་པ་འཐོན་རྒྱུ་རེད་ཅེས་བརྗོད་ཡོད་འདུག
ཁྲིམས་གཞི་དེའི་ཐད་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་ལྕམ་(Elaine Pearson)་ལགས་ཀྱིས། ཧོང་ཀོང་གི་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གསར་པ་དེས་ཧོང་ཀོང་ནང་དྲག་གནོན་ཆེ་བའི་དུས་སྐབས་ཞིག་འཆར་རྒྱུ་ཡིན་པ་རེད། ད་ཆ་ཧོང་ཀོང་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཡོད་པའི་དཔེ་དེབ་ཞིག་འགྲེམས་སྤེལ་བྱས་ནའང་བཙོན་ཁང་ནང་འཇུག་རྒྱུ་ཡིན་པ་རེད་ཅེས་ཧོང་ཀོང་གི་ཁྲིམས་གཞི་གསར་པ་དེར་འགྲོ་བ་མིའི་ཐིབ་ཐང་བལྟ་ཞིབ་ཚོགས་པས་སྐྱོན་བརྗོད་གནང་འདུག
དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་ཧོང་ཀོང་དམངས་གཙོ་ལྷན་ཚོགས་ཀྱིས་ཧོང་ཀོང་ས་གནས་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞིར་བསྐྱར་བཅོས་བྱས་པའི་ཁྲིམས་གཞི་ཨང་༢༣ལ་སྐྱོན་བརྗོད་མཐའ་གཅིག་ཏུ་ཡོད་པའི་བསྒྲགས་གཏམ་སྤེལ་སྟེ། བསྐྱར་བཅོས་ཁྲིམས་གཞི་གསར་པ་དེའི་འོག་ཧོང་ཀོང་གི་ཁྲིམས་འཛིན་དཔོན་རིགས་དང་ཁྲིམས་དཔོན། དེ་བཞིན་གཞུང་གི་ཁྲིམས་རྩོད་པ་བཅས་ལ་སླད་ཕྱིན་ས་གནས་སྲིད་གཞུང་ལ་རྒྱབ་སྟོད་བྱེད་མཁན་དང་ཆབ་སྲིད་ཀྱི་ལྟ་བ་ཐ་དད་འཛིན་མཁན་ཚོ་དོན་མེད་འཛིན་བཟུང་བྱེད་པའི་དབང་ཚད་གང་བྱུང་བེད་སྤྱོད་གཏོང་རྒྱུའི་དབང་ཤུགས་སྤྲོད་རྒྱུ་ཡིན་པ་མ་ཟད། མི་མང་ནང་ཁུལ་ཕན་ཚུན་གསོ་མྱུལ་བྱེད་རེས་བྱས་ཏེ་ཧོང་ཀོང་ནང་རིག་གནས་གསར་བརྗེ་ཚུགས་པ་ལྟ་བུའི་ཁོར་ཡུག་བཟོ་རྒྱུ་ཡིན་པའི་སྐྱོན་བརྗོད་གནང་འདུག
འདིའི་སྔོན་ལ་ཧོང་ཀོང་ས་གནས་གཞུང་གིས་༢༠༠༣ལོར་ཁྲིམས་གཞི་དོན་ཚན་༢༣ཞེས་འབོད་པ་དེ་གཏན་འབེབས་བྱེད་རྩིས་བྱས་ཡོད་ཀྱང་། ཧོང་ཀོང་མི་མང་འབུམ་ལྔ་ཙམ་གྱིས་ངོ་རྒོལ་གྱིས་རྔམ་སྟོན་ཁྲོམ་སྐོར་རྒྱ་ཆེར་བྱས་རྐྱེན་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་རེད།
ཧོང་ཀོང་ས་གནས་སུ་ཁྲིམས་གསར་པ་གཏན་འབེབས་བྱས་པ་འདིས་རྒྱ་ནག་གཞུང་གིས་གཞི་ཁྱོན་ཆེ་ཞིང་སྐབས་རེར་དམངས་གཙོའི་ངོ་རྒོལ་ལས་འགུལ་ཐོག་དྲག་གནོན་བྱས་བའི་རྗེས་སྟེ་༢༠༢༠ལོར་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་མཉམ་དུ་ནུས་པ་འདོན་རྒྱུ་ཡིན་པར་འབྲེལ་ཡོད་ཉམས་ཞིབ་པས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།
ད་ཐེངས་ཀྱི་ཁྲིམས་གསར་བ་དེས་རྒྱལ་ཁབ་ལ་ངོ་རྒོལ་རྒྱབ་གཏོད་ཟེར་བའི་ཉེས་པ་དང་། ངོ་ལོག་ཟིང་སློང་། རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིར་གྱར་དང་གསང་མྱུལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་དང་ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱས་པ་ཟེར་བ་བཅས་ཉེས་གསོག་བྱ་སྤྱོད་རིགས་ལྔ་དང་། ཁྲིམས་འགལ་སྣ་ག་བཅུའི་ཐོག་ནས་ཉེས་ཆད་གཅོད་རྒྱུ་ཡིན་འདུག


གསར་འགོད་པ། རྡོ་རྗེ་མཚོ། ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎