རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་བཏོན་འཆཪ་ལ་ངོ་རྒོལ་སྐྱོན་བརྗོད་མང་པོ་ཡོང་བཞིན་འདུག

2020-05-26
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་བཏོན་འཆཪ་ལ་ངོ་རྒོལ། ༢༠༢༠།༥།༢༤
ཧོང་ཀོང་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་བཏོན་འཆཪ་ལ་ངོ་རྒོལ། ༢༠༢༠།༥།༢༤
AP

རྒྱ་ནག་གི་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་གསར་པ་དེས་ཧོང་ཀོང་ནང་ཕྱི་ནས་མ་རྩ་འཛུགས་མཁན་ཚོར་དཀའ་ངལ་འཕྲད་རྒྱུ་མིན་ལུགས་ཧོང་ཀོང་ས་གནས་འཛིན་སྐྱོང་སྤྱི་ཁྱབ་པས་ནན་བརྗོད་བྱས་འདུག
དེ་ཡང་(AFP)་གསར་འགྱུར་ལས་ཁང་ནས་ཚེས་༢༦་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་པ་ཀེ་རི་ལེམ་གྱིས་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་བའི་སྐབས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིམས་འཆར་དེ་བཞིན་ས་གནས་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཚོའི་ཐོག་དམིགས་པ་ཞིག་ཡིན་པ་ལས། ཁྲིམས་ལ་སྲུང་བརྩི་ཞུ་མཁན་དང་དེ་བཞིན་ཕྱི་ནས་ཧོང་ཀོང་ནང་ཚོང་དོན་དང་འབྲེལ་བའི་ལས་དོན་སྤེལ་མཁན་ཚོའི་ཐོག་དོ་ཕོག་གང་ཡང་འགྲོ་གི་མ་རེད་ལ། ཧོང་ཀོང་གི་གནས་སྟངས་སྔར་ལམ་བཞིན་རང་དབང་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཞིག་ཏུ་རང་འཇགས་གནས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག གསར་འགོད་པ་ཞིག་གིས་སྤྱི་ཁྱབ་པར་གལ་སྲིད་ཧོང་ཀོང་ནང་ལས་འགུལ་སྤེལ་བ་ཡིན་ན། རྒྱ་ནག་དབུས་གཞུང་གི་ཉེན་རྟོག་པས་འཇུ་ཟུང་བྱེད་ཀྱི་རེད་དམ་ཞེས་དྲིས་པར། ཁོང་མོས་དེ་ནི་ཁྱེད་རང་གི་སྣང་ཚུལ་རེད། ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་ན་དེར་བསམ་ཤེས་བྱེད་ཀྱི་རེད་ཅེས་ལན་རྒྱབ་ཡོད་འདུག
དེ་དང་ཕྱོགས་མཚུངས་འདི་ཚེས་༢༥་གཟའ་ཟླ་བའི་ཉིན། ཧོང་ཀོང་ནང་ཡོད་པའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་པ་(Xie Fang)་གྱིས། གཞུང་འབྲེལ་མི་སྣ་དང་ཕྱིའི་མ་རྩ་འཛུགས་མཁན་གྱི་ཚོང་པ་ཁག་ཅིག་ལའང་ཁྲིམས་འཆར་གསར་པ་དེ་ནི། ཧོང་ཀོང་ནང་བདེ་འཇགས་སྲུང་སྐྱོབ་ལ་གནོད་འཚེ་བཟོ་མཁན་དང་། འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་སྤེལ་མཁན་ཚོའི་ཐོག་སྟངས་འཛིན་ནན་པོ་བྱེད་རྒྱུའི་ཆེད་དམིགས་པ་ཞིག་རེད། དེ་འདྲ་ཡིན་དུས་གཞན་ཚོས་དེའི་ཐོག་བློ་འཚབ་དང་དངངས་སྐྲག་སྐྱེས་དགོས་དོན་ཡོད་མ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
འདི་ཚེས་༢༤་ཉིན་ཧོང་ཀོང་ནང་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་སྟོང་ཕྲག་མང་པོས་རྒྱ་ནག་གིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་གཞི་བཏོན་འཆར་ཐད་མི་འདོད་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པ་མང་པོ་ཡོང་ནས་ངོ་རྒོལ་ལས་འགུལ་བར་གཅར་རྡུང་དང་མིག་ཆུ་ཤོར་བྱེད་དུག་རླངས་བཏང་ནས་མི་ཚོགས་གཏོར་ཐབས་བྱས་ཡོད། གང་ལྟར་ཉིན་ཤས་གོང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་བཏོན་པའི་ཁྲིམས་འཆར་གསར་པ་དེའི་ནང་། ཧོང་ཀོང་ནང་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་དགོས་གལ་བྱུང་ཚེ། དབུས་གཞུང་ནས་ཀྱང་ཐད་ཀར་ཐེ་བྱུས་བྱེད་རྒྱུ་ཡོད་པ་ཞིག་བཟོ་གི་ཡོད་ལུགས་དམངས་གཙོ་དོན་གཉེར་བ་དང་། ཕྱིའི་རྒྱལ་ཁབ་ཁག་ནས་སྐྱོན་བརྗོད་བྱེད་བཞིན་པ་དང་། ལྷག་པར་དུ་གལ་སྲིད་ཁྲིམས་འཆར་དེ་བཞིན་གཏན་ལ་ཕབ་པ་ཡིན་ན། དེ་སྔ་ཕྱི་ལོ་ ༡༩༩༧ ་ལོར་ཧོང་ཀོང་དབྱིན་ཇིའི་དབང་འོག་ནས་རྒྱ་ནག་གིས་རྩིས་ལེན་བྱས་པའི་སྐབས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁས་ལེན་གྲོས་མཐུན་བཞག་ཡོད་པ་དེ་ནུས་པ་མེད་པ་ཞིག་ཆགས་རྒྱུའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།