སྤྱི་ཚོགས་དྲ་བ་བརྒྱུད་རྒྱ་ནག་གིས་ཧོང་ཀོང་ནང་ཐེ་ཇུས་དབྱེན་སྦྱོར་བྱེད་བཞིན་འདུག
2019.08.20
ཨ་རིའི་སྤྱི་ཚོགས་དྲ་བའི་བརྒྱུད་ལམ་ངོ་དེབ་སོགས་བརྒྱུད་རྒྱ་ནག་གིས་ཧོང་ཀོང་ནང་ཐེ་ཇུས་དབྱེན་སྦྱོར་བྱེད་བཞིན་པ་ཤེས་རྟོགས་བྱུང་ནས་སྤྱོད་བྱང་མང་པོ་སྒོ་རྒྱབ་འདུག
ཨ་རིའི་སྤྱི་ཚོགས་དྲ་བའི་བརྒྱུད་ལམ་ངོ་དེབ་དང་ཁྲི་ཝེ་ཊར་(Twitter)་སྟེང་ཧོང་ཀོང་ནང་གི་ངོ་རྒོལ་སྐོར་ལ་གནས་ཚུལ་རྫུན་མ་མང་པོ་ཐོན་བཞིན་པ་དེ་དག་གི་རྒྱབ་ལོགས་སུ་རྒྱ་ནག་གིས་ཐེ་ཇུས་བྱེད་པ་ཤེས་རྟོགས་བྱུང་ནས་སྤྱོད་བྱང་མང་པོ་སྒོ་རྒྱབ་ཡོད་འདུག
དེ་ཡང་ཁྲི་ཝེ་ཊར་(Twitter)་སྤྱི་ཚོགས་དྲ་བའི་ལས་ཁང་གིས་སྤྱོད་བྱང་མིང་ཐོ་༩༣༦་སྒོ་རྒྱབ་ཡོད་པ་དང་། རྒྱུ་མཚན་ནི་དེ་དག་གིས་གནས་ཚུལ་རྫུན་མ་འདོན་སྤེལ་བྱས་ཏེ་རྒྱ་ནག་གཞུང་གི་ཚབ་བྱས་ནས་ཧོང་ཀོང་གི་གནས་སྟངས་ཐད་གཞུང་གི་ལངས་ཕྱོགས་བརྒྱུད་སྒྲོག་བྱེད་ཀྱི་ཡོད་པ་དང་། གོང་བརྗོད་སྤྱོད་བྱང་མིང་ཐོ་བཀོད་སྤྱོད་བྱེད་མཁན་དེ་དག་ནི་རྒྱ་ནག་གཞུང་གིས་དངུལ་སྤྲད་ནས་གནས་ཚུལ་སྒྲོག་མཁན་གྱི་ཆ་ཤས་ཤིག་ཡིན་པ། དེ་ནི་གཞུང་ཕྱོགས་ནས་རྩ་འཛུགས་བྱས་པའི་བྱ་སྤྱོད་ཅིག་ཡིན་པ་ང་ཚོར་ཁུངས་ལྡན་བདེན་དཔང་ཡོད་ཅེས་ཁྲི་ཝེ་ཊར་(Twitter)་ལས་ཁང་གིས་བརྗོད་འདུག
དེ་བཞིན་ངོ་དེབ་(Facebook)་སྤྱི་ཚོགས་དྲ་གནས་ནས་ཀྱང་སྤྱོད་བྱང་གནས་ཚུལ་སྤེལ་ས་(Page)བདུན་དང་། ཚོགས་པ་༣། མིང་ཐོ་བཀོད་པ་༥་བཅས་མེད་པར་བཟོས་ཡོད་པ་དང་། དེ་དག་གིས་གོང་བརྗོད་བཞིན་ཧོང་ཀོང་ནང་གི་ངོ་རྒོལ་བྱེད་མཁན་གྱི་སྐོར་གནས་ཚུལ་རྫུན་གཏོང་གི་ཡོད་འདུག དེ་དག་(Page)་གནས་ཚུལ་སྤེལ་ས་དེར་རྗེས་འཇུག་བྱེད་མཁན་མི་གྲངས་ཆིག་ཁྲི་ལྔ་སྟོང་ཙམ་དང་། ཚོགས་པ་དེར་ཚོགས་མི་༢༢༠༠་ཡོད་ཅིང་། ངོ་དེབ་ལས་ཁང་ནས་གསལ་བསྒྲགས་སྤེལ་བའི་ནང་། གོང་བརྗོད་དེ་དག་གིས་གནས་ཚུལ་སྤེལ་དུས་མི་ངོ་མ་ཕྱི་ལ་མ་བཏོན་པར་གསང་བ་བྱས་ཡོད་ཀྱང་། ཁོ་ཚོས་རྟོག་ཞིབ་བརྒྱུད་དེ་དག་རྒྱ་ནག་གཞུང་དང་འབྲེལ་ཡོད་མི་སྒེར་ནས་ཕན་ཚུན་འབྲེལ་མཐུད་ཀྱིས་གནས་ཚུལ་སྤེལ་བཞིན་ཡོད་བརྗོད་འདུག
གནད་དོན་དབྱེ་ཞིབ་པས་རྒྱ་ནག་གིས་བརྡ་འཕྲིན་གནས་ཚུལ་བེད་སྤྱོད་ཀྱི་ཐབས་ཇུས་དེ་ནི་ར་ཞི་ཡའི་དེ་སྔོན་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་སྐབས་གནས་ཚུལ་རྫུན་མ་སྤེལ་བའི་བྱ་སྤྱོད་དང་གཅིག་མཚུངས་ཡིན་ཞིང་། ངར་སྐུལ་རང་བཞིན་གྱི་གནས་ཚུལ་དང་གསར་འགྱུར་རྫུན་མ་མང་པོ་སྤེལ་ནས་རང་ཉིད་ལ་ཁེ་ཕན་ཡོང་ཐབས་བྱས་ཡོད་ལ། སྤྱི་ཚོགས་བརྒྱུད་ལམ་ཁག་ནས་དེ་སྔོན་ར་ཞི་ཡའི་ཕྱོགས་ཀྱི་གནས་ཚུལ་རྫུན་མ་སྤེལ་སའི་མིང་ཐོ་ཁག་ཅིག་ཀྱང་རྩ་གཏོར་བྱེད་མྱོང་བ་བརྗོད་འདུག