རྒྱ་ནག་གཞུང་གིས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་གོམས་གཤིས་རིག་གཞུང་བཅས་སྔར་ལས་ཉམས་དམས་སུ་གཏོང་རྒྱུར་གོམ་ཁ་ཇེ་མགྱོགས་སུ་བཏང་བ།

2021-03-11
Share
རྒྱ་ནག་གཞུང་གིས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་གོམས་གཤིས་རིག་གཞུང་བཅས་སྔར་ལས་ཉམས་དམས་སུ་གཏོང་རྒྱུར་གོམ་ཁ་ཇེ་མགྱོགས་སུ་བཏང་བ། བོད་ནང་གྲོང་གསེབ་དེ་གྲོང་ཁྱེར་དུ་བསྒྱུར་བའི་ལས་འགུལ།
བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ།

རྒྱ་ནག་གི་ཚོགས་ཆེན་གཉིས་ཕྱི་ཟླ་༣པའི་༤དང་༥སོ་སོར་འགོ་བཙུགས་ནས་ཕྱི་ཚེས་༡༡ཉིན་མཇུག་སྒྲིལ་ཡོད་ལ། ལྷག་པར་དུ་ཉིན་གྲངས་བདུན་རིང་འཚོགས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་མཇུག་སྒྲིལ་ཁར་། ཧོང་ཀོང་ས་གནས་ཀྱི་འོས་འདེམས་ལམ་ལུགས་ཐད་བཅོས་བསྒྱུར་བྱེད་རྒྱུ་ཐེ་བའི་གྲོས་ཆོད་བཅུ་བཞག་ཡོད་པ་དང་། མ་འོངས་པར་གྲོས་ཆོད་དེའི་རྨང་གཞིའི་སྟེང་ཧོང་ཀོང་གི་འོས་འདེམས་ལམ་ལུགས་ཐད་འགྱུར་བ་གཏོང་རྒྱུ་བརྗོད་ཡོད་ལ།  ཧོང་ཀོང་གི་འོས་འདེམས་གྲོས་ཆོད་དེ་ནི་གཏན་འབེབས་ཚན་པ་དགུ་ཡིས་གྲུབ་པ་དང་།   རྒྱལ་ཞེན་ཅན་གཙོ་བོ་བྱས་པའི་ཧོང་ཀོང་གི་མིས་ཧོང་ཀོང་སྐྱོང་བ་དང་། དེ་བཞིན་ཧོང་ཀོང་འོས་འདེམས་ལྷན་ཚོགས་དེ་སྔོན་མའི་མི་གྲངས་༡༢༠༠ནས་༡༥༠༠བར་གྲངས་ཀ་འཕར་བ་དང་། གྲལ་སྟེགས་༣༠༠གསར་དུ་འཕར་སྣོན་བྱས་པ་དེ་ནི་རྒྱ་ནག་གཞུང་ལ་དགའ་ཞེན་ཡོད་པའི་ཧོང་ཀོང་གི་དམངས་ཆེན་དང་སྲིད་གྲོས་འཐུས་མི་ནས་འགན་འཁུར་རྒྱུ་ཡིན་པ་སོགས་བཀོད་འདུག  བོད་རྒྱའི་གནད་དོན་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཧོང་ཀོང་གི་འོས་འདེམས་ལམ་ལུགས་ཐད་ཀྱི་འགྱུར་བ་འདི་ལས་ཧོང་ཀོང་གི་མ་འོངས་བའི་ལས་དོན་ཐམས་ཅད་ཧོང་ཀོང་རང་གི་མིས་ཧོང་ཀོང་སྐྱོང་བ་མ་ཡིན་པར། རྒྱ་ནག་གཞུང་གིས་ཁྱོན་ཡོངས་སྟངས་འཛིན་བྱས་པ་ཞིག་ཡིན་པ་འདི་རླུང་འཕྲིན་ཁང་གསུངས་བྱུང་།

དེ་མིན་ད་ཐེངས་ཀྱི་རྒྱ་ནག་གི་དམངས་ཆེན་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་ཕེན་གྱིས་ནང་སོག་དང་། མཚོ་སྔོན་གྱི་འཐུས་མིའི་ཚོགས་ཆུང་བགྲོ་གླེང་ཐོག་ཟུར་ཞུགས་བྱས་ཡོད་པ་མ་ཟད་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཕྱོགས་པའི་དྲུང་ཆེ་ཝུའུ་ཡུན་ཇེ་གཙོས་པའི་དམིགས་བསལ་ཚོགས་ཆུང་ཟུར་འཛུགས་ནང་མཉམ་ཞུགས་ཀྱིས་ཚོགས་འདུའི་དགོངས་དོན་སྒྲོག་སྦྱོང་ཤུགས་ཆེན་བྱས་པ་སོགས་ཀྱི་ཐད་རྒྱ་གར་ངྷ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་གསུང་གི་འདུག

ཡང་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་ཚོགས་ཆེན་སྐབས་རྒྱ་ནག་གི་སྲིད་བློན་ལིས་ཁི་ཆིང་གིས་༢༠༢༡ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐབས་སུ་མ་འོངས་བར་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གཞིར་བཟུང་གྲོང་གསེབ་དེ་གྲོང་ཁྱེར་དུ་བསྒྱུར་བའི་གོམ་པ་ཇེ་མགྱོགས་སུ་བཏང་སྟེ་རྒྱུན་སྡོད་གྲོང་ཁྱེར་གྱི་མི་གྲངས་དེ་བརྒྱ་ཆའི་༦༥%བར་མཐོར་འདེགས་བྱས་ནས།   གྲོང་ཁྱེར་ཅན་དུ་གོང་འཕེལ་གྱི་སྤུས་ཀ་འཐུས་ཚང་ཇེ་ལེགས་གཏོང་རྒྱུ་བཀོད་ཡོད་ལ། ཡིན་ནའང་སྲིད་ཇུས་འདིས་ད་ལྟ་བོད་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་ཀྱི་གོམས་སྲོལ་རིག་གཞུང་ཉམས་དམས་སུ་འགྲོ་བཞིན་ཉེན་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་འགྲེལ་བརྗོད་གནང་བྱུང་།

དེ་མིན་དབྱིན་ཇི་སོགས་ནས་ཧོང་ཀོང་གི་འོས་འདེམས་ལམ་ལུགས་ཐད་འགྱུར་བ་གཏོང་བ་ནི་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་ཡིད་ཆེས་མེད་པར་བཟོས་རེད་ཅེས་སྐྱོན་བརྗོད་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།