རྒྱ་གར་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་གི་ (CRPF) དམིགས་འཛུགས་ཉེན་སྲུང་དཔུང་སྡེའི་སྟངས་འཛིན་འོག་གི་ (Z) རིམ་པའི་༧སྐུའི་སྲུང་སྐྱོབ་ཚད་གཞི་མཐོ་ཤོས་དེ་འབུལ་རྒྱུ་རེད་འདུག
* འབྲེལ་ཡོད་གནས་ཚུལ་དབྱིན་ཡིག་ཐོག་འདི་ནས་ཀློག་ཐུབ།
རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་། རྒྱ་གར་དབུས་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་མང་སྔོན་ནས་(Z)་རིམ་པའི་༧སྐུའི་སྲུང་སྐྱོབ་འབུལ་བཞིན་ཡོད་པའི་ཁར། རྒྱ་གར་རྒྱལ་ཡོངས་ནང་༧སྐུའི་སྲུང་སྐྱོབ་ཀྱི་ཞུ་སྒོའི་ལས་འགན་དབུས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཀྱི་དམིགས་འཛུགས་ཉེན་རྟོག་དཔུང་སྡེས་འཁྱེར་རྒྱུ་ཡིན་པ་བཀོད་པའི་གནས་ཚུལ་དེ་དག་བདེན་པ་ཡིན་པ་གནས་ཚུལ་འདིའི་ཐད་རྒྱུས་མངའ་ཆེན་པོ་ཡོད་པ་མིང་འབོད་གནང་རྒྱུར་ཆོག་མཆན་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་འདི་ཚེས་ ༡༤ ཉིན་རྒྱ་གར་གཞུང་གི་ནང་སྲིད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་གཉིས་ལ་བཀའ་འདྲི་ཞུས་པར་ད་ལྟའི་ཆར་ལན་འདེབས་གང་ཡང་གནང་མ་སོང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཕོ་བྲང་དུ་རྒྱུན་ལྡན་དམིགས་བསལ་དྲག་རྩལ་གྱི་ཚད་མཐོའི་སྦྱོང་བརྡར་ཡོད་པའི་སྐུ་སྲུང་བ་མང་པོ་འགྲེམས་འཇོག་ཞུས་ཡོད་ཅིང་། རྒྱ་གར་གཞུང་གི་སྲུང་བྱ་རིམ་པའི་ནང་། རྒྱ་གར་གྱི་སྲིད་བློན་རིམ་པར་ཕུལ་བའི་དམིགས་བསལ་སྲུང་སྐྱོབ་རུ་ཁག་[Special Protection Group (SPG)] རིམ་པའི་འོག་ཉེན་རྟོག་སྐོར་སྲུང་བ་༥༠༠༠ ལྷག་གི་མཐུན་རྐྱེན་འབུལ་གྱི་ཡོད་ཅིང་། སྲུང་བྱ་རིམ་པ་(Z+)་འོག་ལ་ཆེས་དམག་སྦྱོང་གི་ལག་རྩལ་ལྡན་པའི་མི་སྣ་༥༥ ལྷག་དང་། སྲུང་བྱ་རིམ་པ་མཐོ་ཤོས་གསུམ་པ་(Z)་འོག་ཏུ་ཚད་མཐོའི་དམག་རྩལ་སྦྱོང་བརྡར་ཡོད་པའི་སྐུ་སྲུང་བ་༣༠ ལྷག་གི་མཐུན་རྐྱེན་ཕུལ་གྱི་ཡོད་པས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཕྱྭའི་སྲུང་སྐྱོབ་ཆེད་རྒྱལ་ཁབ་ཀྱི་སྲུང་བྱ་རིམ་པ་མཐོ་ཤོས་གསུམ་པ་དེ་ཕུལ་གྱི་ཡོད་པ་རེད།
ཕྱི་ལོ་༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཐོག་ཏུ་ཞབས་སོར་འཁོད་པ་ནས་བཟུང་༧གོང་ས་མཆོག་གི་༧སྐུའི་སྲུང་ཕྱྭའི་ཐུགས་འགན་གཙོ་བོ་རྒྱ་གར་དབུས་གཞུང་གིས་བཞེས་བཞིན་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་མཐའ་བསྐོར་དུ་ཚོུད་ཉི་ཤུ་རྩ་བཞིའི་རིང་བསྐོར་སྲུང་ཞུ་བཞིན་ཡོད་པར་མ་ཟད། རྒྱ་གར་དབུས་གཞུང་གི་བཀོད་འདོམས་འོག་རྒྱ་གར་རྒྱལ་ཡོངས་ནས་ས་གནས་ཕྱོགས་མཐའ་གང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ཡང་མངའ་སྡེ་སོ་སོའི་གཞུང་གིས་༧སྐུའི་སྲུང་སྐྱོབ་ཀྱི་ཞུ་སྒོ་ཁག་སྒྲུབ་བཞིན་ཡོད་པ་རེད།
འདས་པའི་ཟླ་བ་གཅིག་ལྷག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཆགས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སྐུ་ལྷོད་ངང་བཞུགས་འཇགས་མཛད་ཅིང་། ཕྱི་ཟླ་ ༢ ཚེས་ ༡༦ ཉིན་སྦེལ་ཀོབ་ནས་ཧོན་སུར་རབ་རྒྱས་གླིང་དུ་ཆགས་པའི་དཔལ་ལྡན་རྒྱུད་སྨད་གྲ་ཚང་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་པདྨ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། དཔལ་ལྡན་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།