རྒྱ་གར་གྱིས་བོད་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས།
2017.03.23
རྒྱ་ནག་གི་གནོན་ཤུགས་ལ་འཛེམས་མེད་ཀྱིས་རྒྱ་གར་གྱི་ལངས་ཕྱོགས་མཁྲེགས་པོར་འཛིན་དགོས་པའི་དཔྱད་རྩོམ་སྤེལ་འདུག
དེ་ཡང་རྒྱ་གར་གྱི་ཕྱི་འབྲེལ་གནད་དོན་ལ་མཁས་པ་གཞུང་ཚབ་ཐེངས་མང་གནང་མྱོང་ཡོད་པ་སྐུ་ཞབས་(Amit Dasgupta)་ལགས་ཀྱིས། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་རྟ་ཝང་ཁུལ་ཆིབས་བསྒྱུར་ཞབས་སོར་འཁོད་རྒྱུའི་མཛད་འཆར་འགོག་ཐབས་སུ། རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་ཇི་ཙམ་སྤྲོད་ཐབས་བྱས་ཀྱང་རྒྱ་ནག་གི་གནོན་ཤུགས་ལ་འཛེམས་མེད་ཀྱིས་ལངས་ཕྱོགས་མཁྲེགས་པོ་བཟུང་དགོས་པའི་སྐོར་གསུངས་འདུག
སྐུ་ཞབས་(Amit Dasgupta)ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མིའི་རང་དབང་འཐབ་རྩོད་ཙམ་མ་ཡིན་པར། འཛམ་གླིང་ཐོག་ཞི་བདེ་གོང་འཕེལ་མཛད་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་རྒྱལ་སྤྱིའི་སྟེང་ཆེས་གུས་བརྩི་ལྡན་པའི་དབུ་ཁྲིད་ཅིག་ལ་ཡོངས་གྲགས་ངོས་འཛིན་ཞུ་བཞིན་ཡོད་པ་རེད་ཅེས་དང་། རྒྱ་ནག་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་སྙན་ལ་མ་བཟོད་པར་ཁ་བྲལ་རིང་ལུགས་པ་སོགས་བཀུར་འདེབས་ཀྱི་སྐྱོན་འཛུགས་དང་། ལྷག་པར་དུ་རྒྱལ་སྤྱིའི་དབུ་འཁྲིད་རྣམས་ནས་༧གོང་ས་མཆོག་དང་མཇལ་འཕྲད་འགོག་ཐབས་ལ་སོགས་པའི་གནོན་ཤུགས་བསྟུད་མར་སྤྲོད་བཞིན་ཡོད་པ་དེ་དག་ལ་བཟོད་སྲན་དང་མགོ་སྒུར་ནམ་ཡང་བྱེད་རྒྱུ་མེད་པའི་སྐོར་ཚེས་༢༣ཉིན་དཔྱད་རྩོམ་ཞིག་སྤེལ་བ་བརྒྱུད་སྐུལ་མ་གནང་འདུག
སྐུ་ཞབས་(Amit Dasgupta)ལགས་ཀྱིས་དཔྱད་རྩོམ་ནང་། རྒྱ་ནག་གཞུང་གི་སྡིགས་རའི་གནོན་ཤུགས་འོག་ Vatican ཡི་ཤུའི་གནམ་དག་ཆོས་ལུགས་ཀྱི་བླ་ཆེན་ལ་སོགས་པའི་དབུ་ཁྲིད་ཁག་ཅིག་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གཡོལ་ཐབས་བྱས་པའི་གནས་ཚུལ་བྱུང་ཡོད་རུང་། ཉེ་བའི་ཆར་ཨ་རིའི་San Diego གཙུག་ལག་སློབ་གྲའི་སློབ་པ་མཐར་སོན་གྱི་མཛད་སྒོར་འདི་ལོ་ཕྱི་ཟླ་དྲུག་པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བར་རྒྱ་ནག་གཞུང་ནས་འགོག་ཐབས་ཀྱི་གནོན་ཤུགས་ཆེན་པོ་སྤྲད་ཡོད་ཀྱང་། གཙུག་ལག་སློབ་གྲྭའི་གཙོ་འཛིན་Pradeep Khosla ལགས་ཀྱིས་རྩིས་མེད་བཏང་བ་སོགས་རྒྱ་ནག་ལ་འཛེམས་ཟོན་མ་བྱས་པའི་གནས་ཚུལ་ཇེ་མང་ཡོང་བཞིན་ཡོད་པ་ལུང་འདྲེན་གནང་འདུག
གནད་དོན་འདི་དང་འབྲེལ་ཉེ་ཆར་རྒྱ་གར་གཞུང་ནས་རྒྱ་ནག་གི་སྐྱོན་བརྗོད་ལ་མ་ལྟོས་བར་ ༧གོང་ས་ཏཱ་ལའི་བླ་མ་མཆོག་རིང་མིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་དང་། ལྷག་པར་དུ་ཁུལ་དེའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྟ་ཝང་དགོན་པར་ཆིབས་བསྒྱུར་གནང་རྒྱུའི་བཀའ་ཁྲོལ་གནང་པ་དེས་མ་འོངས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་གནས་བབས་ལ་ཧ་ཅང་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་མ་ཟད། རྒྱ་ནག་གི་སྡིགས་རའི་བྱ་སྤྱོད་ལ་གདོང་ལེན་བྱ་ཕྱོགས་ཐད་རྒྱལ་ཁབ་གཞན་ཚོ་ལའང་མིག་དཔེ་ལྟ་བུའི་བརྡ་ལན་སྤྲོད་རྒྱུ་ཡིན་པ་གསུངས་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།